ཕེབས་སྐྱེལ་མྱ་ངན་ཀ་ཕྲེང་མ།
- དགེ་རྒན་བསྟན་གོ་ལགས་གཤེགས་པར་ཆེད་དུ་བྲིས་པ།
ཁ་སྒང་སངས་རྒྱས་རྒྱ་མཚོ། (ཟི་ལིང)
ཀ་དག་རིང་ནས་ཚོགས་གཉིས་བསགས་པས་ཁ་བའི་ལྗོངས་ཀྱི་རེབ་གོང་དུ།།
ག་ལེར་ངོ་མཚར་ལྟས་ནི་མེད་ཀྱང་ངའོ་སྙམ་པའི་བུ་ཞིག་འཁྲུངས།།
ཅ་ཅོ་འདུ་འཛི་ཡུན་གྱིས་སྤངས་ཤིང་ཆ་ལུགས་ངན་པ་རིང་དུ་དོར།།
ཇ་ཆང་རིགས་ལ་བློ་ནི་མི་ཕྱོགས་ཉ་མོ་འཁྱུག་འདྲར་རིག་པར་སློབ།།
ཏ་ཡིག་སོགས་ཀྱི་དོན་ལ་བསམ་ཞོར་ཐ་ཤལ་སྤྱོད་པ་རྒྱུད་ནས་དོར།།
ད་འདུག་སོགས་ལ་འགྲོ་དགོས་བསམས་ཏེ་ན་ཆུང་དུས་ནས་ཡུལ་ཕྱོགས་འགྲིམ།།
པ་ཏྲའི་རི་མོར་འབྲི་སྦྱོང་གནང་ཞོར་ཕ་མེས་སྲོལ་བཟང་རྒྱུད་ལ་སྦྱར།།
བ་གམ་ལ་སོགས་ཁང་བཟང་ཕུག་ཏུ་མ་རྒན་དྲིན་ཆེན་བཞུགས་ན་བསམ།།
ཙ་རིའི་གནས་སྐོར་སེམས་ཀྱིས་འགྲིམ་ཞིང་ཚ་ཟིང་གྲོང་ནས་རྒྱ་སྐད་བསླབས།།
ཛ་དྲག་གཏུམ་སྤྱོད་རྒྱུད་ནས་གྲོལ་ཞིང་ཝ་མོའི་གཡོ་སྒྱུ་རྩ་ནས་དོར།།
ཞྭ་སེར་བསྟན་པ་གཙུག་གིས་བཀུར་ཞིང་ཟ་མ་ཏོག་སོགས་བློར་འཇགས་པའི།།
འ་ཅག་སློབ་མའི་རྒྱན་དུ་བྱོན་པའི་ཡ་རབས་དགེ་རྒན་དམ་པ་ཁྱོད།།
ར་མའི་ཁ་བཞིན་འདོད་ཧམ་ཆེན་པོས་ལ་ལུང་སོ་སོའི་གདུལ་བྱ་ལ།།
ཤ་ཚའི་སྙིང་གཏམ་ལྷག་ལུས་མེད་པ་ས་ཕྱོགས་ཀུན་གྱི་སློབ་མར་གསལ།།
ཧ་ཧའི་དགོད་སྒྲའི་རྩེད་མོའི་ཀློང་དུ་ཨ་ལ་ཉིད་ཀྱི་རང་གཤིས་མཐོང་།།
ཨ་ལ་འདི་ལྟའི་ཕྱིར་དྲན་ཀློང་ན་ཁྱོད་ཉིད་ད་དུང་བཞུགས་འདྲ་ཡང་།།
ཧ་ཅང་མནོ་བསམ་ཞིབ་མོ་བཏང་ཚེ་སྐུ་ཉིད་འཇིག་རྟེན་གཞན་དུ་གཤེགས།།
ས་ཕྱོགས་ཀུན་གྱི་སློབ་བུའི་ཚོགས་ལ་མཆོག་ཉིད་གཤེགས་འཕྲིན་འབྱོར་བ་ན།།
ཤ་ཚ་སྙིང་ཉེས་སློབ་ཁྲིད་གནང་བའི་དམ་པ་གང་གི་སྣང་བརྙན་དྲན།།
ལ་ལུང་སོ་སོའི་བྱ་བཞག་ཁྲོད་ན་དགེ་རྒན་བྱེད་པ་རླབས་ཆེ་ན།།
ར་ལྟར་འགྱིང་བའི་དཔོན་ངན་ཡིན་ཡང་གདུང་བའི་མཆི་མ་བཞུར་འོས་ཨང་།།
ཡ་རབས་མི་ཡི་གཤིས་སུ་གྲུབ་པ་གདུང་སེམས་མཉམ་སྐྱེས་ཡིན་པ་ལ།།
འ་ཅག་དགེ་སློབ་རེ་རེས་ཁོང་ལ་མྱ་ངན་ཞུ་ཚིག་ཕུལ་བ་ལས།།
ཟ་མ་ཞིམ་པོའི་མངར་ཁ་མ་གཏོགས་སྙིང་རྗེའི་སེམས་དེ་སྟོང་བའི་ཚེ།།
ཞྭ་མོ་མགོ་ལ་བཀུར་འདྲའི་སྤྱོད་ཚུལ་དེ་ཡང་རྫུན་སྲོལ་མིན་ནམ་སྙམ།།
ཝ་མོ་ལྟ་བུའི་གཡོ་སྒྱུའི་འཕྲུལ་ལ་ཁྱོད་ཉིད་ཀུན་ཏུ་རྨོངས་པས་ན།།
ཛ་ཡའི་གསུང་རབ་རྒྱ་མཚོའི་ཀློང་ནས་ཆུ་བུར་མིག་གིས་རྐྱལ་རྩལ་ངོམ།།
ཚ་ཟིང་གྲོང་ནས་རྒྱ་ཡིག་རྒྱ་སྐད་ཉིན་བཞིན་བློ་ལ་གསོག་ཞོར་དུ།།
ཙ་རིའི་དགོན་སྡེའི་བླ་མའི་དྲུང་ནས་ལྔ་རིག་ཤེས་བྱའི་བདུད་རྩི་སློང་།།
མ་ལོའི་བརྩེ་སེམས་སྙིང་ལ་བཅངས་ཏེ་རིག་འབྱུང་གྲོང་ནས་ཟི་ལིང་གི །
བ་གམ་ཐོག་རྩེག་ཁང་བཟང་ནང་དུ་སྐྱེད་ཡུམ་མ་ལོ་ཕེབས་ལ་སྒུག །
ཕ་མའི་དྲིན་ལན་ཡིད་ལ་འཇགས་པའི་ཁྱོད་ཉིད་འདི་ལྟར་བཞུད་པ་ན།།
པ་ཕའི་སྙིང་གི་རུས་པ་ཆག་ནས་ཆོ་ངེའི་སྨྲེ་ངག་ཅི་ཡང་འདོན།།
ན་ཆུང་དུས་ཀྱི་རིག་རྒོད་དང་ནི་པྲ་ཆལ་རྣམ་པ་དྲན་པའི་མོད།།
ད་ནི་འདི་འདྲ་ཡིན་འོས་བསམ་ཚེ་ཁྱོད་ཉིད་འཇིག་རྟེན་གཞན་དུ་གཤེགས།།
ཐ་ཤལ་སྤྱོད་པ་མཐོང་བའི་ཚེ་ན་སྐྱོན་བརྗོད་དྲག་པོ་ཐོག་ལྟར་འབེབས།།
ཏ་ལེན་ཁུར་བའི་རྒན་པོ་རིག་ཚེ་རོགས་འདེགས་བགྱིད་པ་ཉིད་ཀྱི་གཤིས།།
ཉ་མོ་འཁྱུག་འདྲའི་རིག་པའི་ལམ་ནས་རང་ལུགས་སྲོང་བོར་བརྗོད་དང་ལྷན།།
ཇ་ཆང་ལྷོད་ཀྱིས་བཞེས་པ་འདི་ཡང་ངང་རྒྱུད་དྲང་བ་ཁྱོད་ཀྱི་གཤིས།།
ཆ་ལུགས་མི་མཐུན་སློབ་བུ་ཡིན་ཡང་ཐབས་ཀྱིས་དེ་རྣམས་སྐྱོང་ཞོར་དུ།།
ཅ་ཅོ་འ་འུར་འདུ་འཛིའི་ཀློང་ནས་ཀུ་རེ་རྩེ་བ་ཉིད་ཀྱི་གཤིས།།
ང་ཚོ་དགེ་སློབ་མཉམ་དུ་འདུས་ནས་རིག་པའི་གླེང་བརྗོད་སྤེལ་བ་ན།།
ག་ལེར་བསམ་ཚེ་ཉིད་ཀྱི་བཞུགས་སྟེགས་ཁ་མལ་དེ་རུ་ལུས་འདུག་པས།།
ཁ་མིན་སྙིང་ནས་ཁྱོད་ཉིད་དྲན་ཞིང་དྲན་བཞིན་དགེ་རྒན་དྲིན་ཅན་ཚོས།།
ཀ་ཁའི་སྦྱོར་ཀློག་དང་པོར་བསླབས་པའི་དྲིན་ལན་ལ་ཡང་བསམ་དགོས་བྱུང་།།
ཁ་བའི་ལྗོངས་ལ་ལྷག་བསམ་དཀར་ཞིང་རིག་འབྱུང་ཡུལ་གྱི་རྒྱན་གྱུར་ཁྱོད།།
ག་ལེར་གཅིག་པུར་བཞུད་ནི་དགོས་ཀྱང་རྩ་གསུམ་ལྷ་ཡིས་མགོན་མཛད་པར།།
ང་ཚོས་ཐལ་མོ་སྙིང་ཁར་སྦྱར་ནས་གསོལ་བ་ཡང་ཡང་འདེབས་བཞིན་ཡོད།།
ཅེས་ཆེད་བྲིས་སྙན་ཚིག་ཕེབས་སྐྱེལ་མྱ་ངན་ཀ་ཕྲེང་མ་ཞེས་པ་འདི་ནི། ཡུལ་རེབ་གོང་རིག་པ་འབྱུང་བའི་གྲོང་དུ་བལྟམས་ཤིང་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཡིག་སྡེ་ཁག་ཏུ་དགེ་རྒན་གྱི་བྱ་བ་གཉེར་བའི་དགེ་རྒན་བསྟན་འཛིན་ཚེ་རིང་ངམ་ཕ་མས་གཅེས་མིང་དུ་བསྟན་གོར་འབོད་པ་དེ་ཉིད་གློ་བུར་དུ་འཇིག་རྟེན་ཕྱི་མར་གཤེགས་པས། ཉིད་ཀྱིས་གནང་བའི་ཕྱི་གླིང་རྩོམ་རིག་གི་སློབ་ཁྲིད་ལ་ཉན་མྱོང་ཞིང་གང་གི་སློབ་བུ་རྣམས་ལས་གྲལ་མཐར་འདུག་པའི་ཁ་སྒང་སངས་རྒྱས་རྒྱ་མཚོས་སྦྱར་བ་དགེའོ།།
༢༠༡༡ལོའི་ཟླ༨པའི་ཚེས༦ཉིན།