རྨི་ལམ་འཚོལ་བ།
སྤྱང་གུ་རུ་འཇིགས་མེད། (དཀར་མཛེས)
རེ་བའི་རྡོག་ཁྲེས་ཁུར་བའི་གྲོག་མ་ཞིག །
བྱེ་མའི་ཉག་ཁར་འགོས་ནས་ཐང་ལ་བབས།།
རྟ་ནོར་ལུག་གསུམ་འཁྱིལ་བའི་སྤང་ཁུགས་དེ།
བརྐོས་ཏེ་གསེར་ཕྱེ་འཐུ་བཞིན་ཕུག་ལམ་བཏོད།།
ཕུག་ལམ་དེ་ནི་རྒྱ་མཚོའི་གཞུང་ལ་འདྲེས།།
གཤོག་འགྱུ་རྒས་ཀྱང་རྒྱ་མཚོར་མཐའ་མེད་པས།།
ཁོ་ནི་ནོར་བུ་སྤུངས་པའི་མཚོ་གཏིང་ན།།
རྡོ་བའི་གཉའ་ཤིང་ཁུར་བའི་མཚོ་འབུར་གྱུར།།
རྨི་ལམ་རྒྱབ་ཏུ་ཁུར་བའི་སྡོམ་སྲིན་ཞིག །
རི་གཟར་མཐོན་པོ་ཞིག་གི་ངོས་ལ་འགོས།།
ལྗོན་པའི་ཡལ་གར་བརྩེགས་པའི་འབོལ་གདན་ལས།
རི་ཚོགས་པང་དུ་བཟུང་ནས་སྲིན་བུ་ལ།།
དབང་སྒྱུར་སྐུད་པ་འཐག་ནས་དྲ་བ་བཟོས།།
གློ་བུར་ཚེར་མ་འབུས་པའི་འཇིག་རྟེན་ལས།།
སེམས་ཀྱི་མཚོ་ལ་རྡོ་བའི་ཆར་བབས་པས།།
རི་བོའི་འདབས་ཀྱི་དཀྱུས་མའི་རྩེད་ར་དྲན།།
རེ་བའི་རྨི་ལམ་ཁུར་བའི་ཕྱེ་མ་ལེབ།།
རྒྱང་གི་རི་ལ་མ་འཕུར་ཉེ་སར་བབས།།
ཉེ་བ་སེམས་ཀྱི་མཚོ་མོའི་ཁ་ལ་བབས།།
དེ་ཡི་རང་བྱུང་ཁམས་ནི་དབེན་ཞིང་དྭངས།།
ཚ་གདུང་མེད་པའི་སྤྲིན་གྱི་གྲིབ་བསིལ་འོག །
རང་དབང་ཁམས་ལ་རྒྱུ་བའི་བུ་ཆུང་ཞིག །
དྭངས་པའི་མཚོ་ལ་ཞུགས་ནས་ཁྲུས་ལ་རོལ།།
ཚེར་མ་མེ་ཡིས་བཞུས་པའི་བདུད་རྩི་དེ།།
མེ་ལོང་ནང་ལ་འཁྱིལ་བའི་མཚོ་ལ་འདྲེས།།
སྣང་བའི་རི་མོ་ཚོགས་ནི་སྐར་མ་བཞིན།།
ཡངས་པའི་མཚོ་མོའི་ངོས་ལ་མ་འདྲེས་གསལ།།