རྟེན་འབྱུང་གི་གསང་ཚིག
རྨ་མདུད་གྲོལ། (ཟི་ལིང) ༡
ཡིད་སྲུབས་བདག་པོའི་བློ་ཡིས་སྣོད་བཅུད་སོགས་མ་བྱས།།
ལུས་མེད་བདག་པོའི་མདའ་ཡིས་སུ་དང་གང་མ་གསད།།
འཇིག་རྟེན་བྱེད་པོས་མཐོ་རིས་བདེ་སྐྱིད་སོགས་མ་བྲིས།།
རང་རང་ལས་ཀྱི་བདེ་སྡུག་ཅི་རིགས་ཤིག་སྨིན་སོང་།།
༢
སྟོང་ཆེན་མཁའ་ལ་བྲིས་པའི་མཚམས་སྤྲིན་གྱི་རི་མོ།།
འཛིན་མའི་པང་ནས་འཁྲུངས་པའི་རྩི་ཤིང་གི་ལང་ཚོ།།
བར་སྣང་སྟོང་བར་རྒྱུ་བའི་འདབ་ཆགས་ཀྱི་གཤོག་རྩལ།།
སྤྱི་མཐུན་ལས་ཀྱིས་བྲིས་པའི་ཐུན་མོང་གི་སྣང་ཡུལ།།
༣
རབ་སྙན་དཔྱིད་ཀྱི་བུ་མོའི་མགྲིན་པ་ཡི་འགྱུར་ཁུགས།།
རབ་མཛེས་གར་གྱི་བུ་མོའི་སྒྲོ་མདོག་གི་མཛེས་སྡུག །
སྐབས་གསུམ་ལྷ་ཡི་ཚེ་དང་གཟུགས་བཟང་གི་ལང་ཚོ།།
སྔོན་བསགས་པིར་གྱིས་བྲིས་པའི་རྟེན་འབྲེལ་གྱི་རི་མོ།།
༤
སྲིད་གསུམ་བདག་པོའི་ཆོ་ལོ་དབང་ཕྱུག་གིས་མ་སྤྲད།།
རབ་དཀར་ས་འཛིན་དཀར་པོ་བཟོ་རྒྱལ་གྱིས་མ་བཞེངས།།
དྲོ་གྲང་དུས་ཀྱི་དབྱེ་བ་བརྒྱ་བྱིན་གྱིས་མ་བགོས།།
རང་རང་ལས་ཀྱིས་གྲུབ་པའི་རྟེན་འབྲེལ་གྱི་ཁ་དན།།
༥
འཆི་བདག་དུས་ཀྱི་ཕོ་ཉ་ཁྱབ་འཇུག་གིས་མི་ཁོགས།།
སྣ་ཚོགས་ལས་ཀྱི་རྣམ་སྨིན་ཕྱག་རྡོར་གྱིས་མི་ཟློག །
རྔམ་ནག་ལས་ཀྱི་འབྲས་བུ་སྨིན་པ་ལ་སྐྲག་ན།།
དགེ་སྡིག་བླང་དོར་གནས་ལ་དྲན་ཤེས་རེ་དགོས་སོ།།
༦
བཟོད་དཀའ་དམྱལ་བའི་མེ་ཆར་སྔོན་བསགས་ཀྱི་ལས་སྣང་།།
ཕུན་ཚོགས་ལྷ་མིའི་བདེ་སྐྱིད་བསོད་ནམས་ཀྱི་ལག་རྗེས།།
ངེས་མེད་བདེ་སྡུག་སྣ་ཚོགས་ལས་འབྲས་ཀྱི་གསང་ཚིག །
དགེ་སྡིག་བར་མའི་འབྲས་བུ་སོ་སོ་རུ་གྱེས་སོ།།
༧
གསལ་རིག་སེམས་ཀྱི་རྟ་མཆོག་ཉམས་ལེན་གྱིས་བཏུལ་ན།།
མི་བརྟན་རྟོག་བློའི་ཁ་དོག་དཀར་པོ་རུ་འགྱུར་སྲིད།།
རྟེན་འབྱུང་རིགས་པའི་གསང་ཚིག་ཕྲ་མོ་ལ་འཇུས་ན།།
སྣང་ཡུལ་བདེན་པའི་རི་མོ་རང་ས་རུ་ཞིག་འགྲོ།།
༨
གསལ་རིག་སེམས་ཀྱི་བློ་གྲོས་བརྩོན་འགྲུས་ཀྱི་ལག་རྗེས།།
ངེས་འབྱུང་བསམ་པ་བཟང་བོ་སྒོམ་བྱུང་གི་ཤེས་རབ།།
བྱམས་བརྩེ་གཞན་ཕན་ལྷག་བསམ་གོམས་འབྲས་ཀྱི་བསམ་བློ།།
རང་སེམས་རང་གིས་བཏུལ་ན་ཉམས་རྟོགས་ཤིག་འཁྲུངས་ངེས།།
༩
དགའ་སྡུག་ལམ་དུ་འཁྱེར་བའི་ཉམས་ལེན་གྱི་སེམས་གཤིས།།
དགྲ་གྲོགས་རང་སར་བཞག་པའི་ཀུ་ཡངས་ཀྱི་བསམ་བློ།།
སྣང་ཡུལ་བདེན་མེད་འཆར་བའི་སེམས་ནང་གི་ངལ་གསོ།།
བླ་མའི་དྲུང་ནས་རྙེད་པའི་སེམས་ནང་གི་བདེ་སྐྱིད།།
༡༠
དལ་འབྱོར་ཡིད་བཞིན་ནོར་བུ་རྙེད་དཀའ་རུ་ལྟ་ལ།།
ཡུན་ཐུང་ཚེ་འདིའི་བྱ་བཞག་རྨི་ལམ་ལྟར་རྟོགས་ཤིང་།།
ཟག་བཅས་འཁོར་བའི་གནས་རིས་སྡུག་བསྔལ་དུ་སྣང་བ།།
མན་ངག་གསེང་ནས་རྙེད་པའི་མི་ཚེ་ཡི་ལྟ་ཚུལ།།
༡༡
འགྲོ་ཀུན་ཕ་མར་ལྟ་བའི་ཡིད་འོང་གི་བྱམས་པ།།
སྡུག་བསྔལ་བསལ་ན་འདོད་པའི་སེམས་ནང་གི་སྙིང་རྗེ།།
ཆགས་སྡང་རྟོག་པ་ཞི་བའི་བཏང་སྙོམས་ཀྱི་སེམས་བྱུང་།།
ཐེག་ཆེན་ལམ་ནས་རྙེད་པའི་བསམ་བློ་ཡི་སྙིང་སྟོབས།།
༡༢
ཚུལ་གསུམ་རིགས་པས་དཔྱད་པའི་རྩོད་རིག་གི་གློག་ཕྲེང་།།
བདེན་དོན་རིག་པས་འཚོལ་བའི་ཐོས་བསམ་གྱི་ལམ་ལུགས།།
དཔེ་ཀློག་ཀློང་ནས་འཚོ་བའི་མི་ཚེ་ཡི་འགྲོ་སྟངས།།
སྔོན་བྱོན་དམ་པས་བཞག་པའི་མི་ཚེ་ཡི་གོམས་གཤིས།།