རྡོ་བ་འདི་ལ་བདག་པོ་མེད།
རྒུ་རུ་བ་རྡོ། (མཚོ་ལྷོ)
རྡོ་བ་ས་ནས་སྐྱེས་པ་སུ་ཡིས་མཐོང་།།
རྡོ་བ་གནམ་ནས་བབས་པ་སུ་ཡིས་ཐོས།།
རྡོ་བར་ཕ་མ་མེད་པ་སུ་ཡིས་ཤེས།།
རྡོ་བར་སེམས་པ་ཡོད་མེད་སུ་ཡིས་ཚོར།།
རྡོ་བའི་དབྱིབས་ལ་མཐོ་དམའ་རིང་ཐུང་ཡོད།།
རྡོ་བའི་དབྱིབས་ལ་ལྷམ་དང་ཟླུམ་པོ་ཡོད།།
རྡོ་བའི་དབྱིབས་ལ་ཕྱ་ལེ་ཡིན་མིན་སོགས།།
ཡོད་པས་རྡོ་བ་འདི་ལ་བདག་པོ་མེད།།
རྡོ་ཡི་རོ་ལ་མངར་མོ་སྐྱུར་བོ་མེད།།
རྡོ་ཡི་རོ་ལ་ཁ་དང་བསྐ་བ་མེད།།
རྡོ་ཡི་རོ་ལ་ཚྭ་དང་ལན་ཚྭ་སོགས།།
མེད་པས་རྡོ་བ་འདི་ལ་བདག་པོ་མེད།།
རྡོ་ལ་ལྷན་སྐྱེས་ཙན་དན་དྲི་བཟང་མེད།།
རྡོ་ལ་སྦྱར་བྱུང་དུག་གི་དྲི་ངན་མེད།།
རྡོ་ལ་མུ་ཟིའི་དྲི་དང་སྤོས་ངད་སོགས།།
མེད་པས་རྡོ་བ་འདི་ལ་བདག་པོ་མེད།།
རྡོ་བའི་ལུས་ལ་ཟླ་བས་བྱིལ་མྱོང་མེད།།
རྡོ་བའི་གཞས་ལ་རླུང་བུས་ཉན་མྱོང་མེད།།
རྡོ་བའི་ནང་སྙིང་ཉི་མས་མཐོང་མྱོང་མེད།།
དེ་བས་རྡོ་བ་འདི་ལ་བདག་པོ་མེད།།
རྡོ་བ་དཔྱིད་ཀ་ཚེས་ན་འབུས་རྒྱུ་མེད།།
རྡོ་བ་དབྱར་ཁ་ལོན་ན་འཕེལ་རྒྱུ་མེད།།
རྡོ་བ་སྟོན་ཀ་སླེབས་ཀྱང་སྨིན་རྒྱུ་མེད།
རྡོ་བ་དགུན་ཁ་ཐོན་ཡང་འཁྱག་རྒྱུ་མེད།།
སྤྱིར་ན་རྡོ་བ་འདི་ལ་བདག་པོ་མེད།།
སྤྱིར་ན་རྡོ་བ་འདི་ལ་བདག་པོ་མེད།།
དེ་བས་རྡོ་བ་འདི་ལ་བདག་པོ་མེད།།
དེ་བས་རྡོ་བ་འདི་ལ་བདག་པོ་མེད།།