ཁྲ་ཁྲས་བསྣོལ་བའི་འཇིག་རྟེན།
ཙ་སུར་སྦྱིན་པ། (ཀན་ལྷོ)
འཇིག་ལ་རྟེན་ཅིང་བསྣོལ་བ་ཡི་བཀའ་ལུང་བཙན་པོ།།
ཟློག་མེད་ལས་ཀྱིས་བཀལ་བ་འདིའི་དྲན་ཤིང་རེ་རེ།།
གཏི་མུག་འཁྲུལ་བའི་འུར་ཟིང་གི་འཇིག་རྟེན་ཁྲ་ཁྲ།།
མི་བདེ་སྡུག་གི་གཡབ་མོ་འདིའི་ངང་ཚུལ་སྐྱོ་བ།།
ཐོད་པའི་དར་སྐུད་ཕྲ་མོ་འདི་རེས་སྐྱིད་རེས་སྡུག །
མདུན་སྐྱོད་གོམ་པའི་རྡོག་སྣེ་དེ་ཁྱ་རེ་ཁྱོར་རེ།།
མི་ཚེ་བགྲོད་ལམ་རིང་མོ་འདི་ཀྱ་གེ་ཀྱོག་གེ །
ད་དུང་རང་བཀུར་ཆེ་བ་འདི་ཡིད་སེམས་སྐྱིད་པ།།
ཡར་བལྟས་ཕ་གིའི་ཨ་ཁུ་ཚོ་སྟག་སེང་འགྱིང་འགྱིང་།།
མར་བལྟས་མ་གིའི་མ་སྲུ་ཚོ་ལྕང་ལོ་ལྡེམ་ལྡེམ།།
བར་མ་བར་གྱི་གཞོན་སྐྱེས་ཚོ་རི་སྤྱང་འདུར་འདུར།།
འདུ་ཞིང་འགོད་པའི་ཁེངས་པ་འདི་ཡིད་སེམས་སྐྱོ་བ།།
ཕར་འགྲོ་ཚུར་ཡོང་འགྲུལ་བ་ཚོའི་སྣང་བ་སྐྱིད་སྐྱིད།།
ཡར་རྒྱུག་མར་རྒྱུག་རྐང་ཐང་ཚོའི་འདུ་འཛི་ལང་ལོང་།།
མངོན་ལྐོག་ཁྲ་ཁྲའི་འཇིག་རྟེན་གྱི་ངོ་གདོང་བསམས་ན།།
ངོམས་མེད་མིག་གི་དགའ་སྟོན་འདིའི་ངང་ཚུལ་སྐྱིད་པ།།
མནོ་བསམ་གཞིག་པའི་དྲང་བདེན་དེ་ལྡ་བེ་ལྡིབ་བེ།།
ལས་འབྲས་དཔྱད་པའི་འཚོ་ལམ་འདི་ཡ་ངེ་ཡང་ངེ་།།
ལུས་སེམས་འགུལ་བའི་རེ་སྙེག་འདི་ཟ་ངེ་ཟིང་ངེ་།།
འདིར་སྣང་འགོག་ཐབས་བྲལ་བ་འདི་ཡིད་སེམས་སྐྱོ་བ།།
ལུས་རེ་མི་གཅིག་ལུས་པོ་འདི་ཡག་བཙོག་ཡོད་པ།།
ངག་རེ་མི་གཅིག་སྐད་ངག་གི་འཇམ་རྩུབ་ཡོད་པ།།
ཡིད་རེ་མི་གཅིག་ཡིད་སེམས་ལ་བཟང་ངན་ཡོད་པ།།
མི་རྟག་འཇིག་རྟེན་ཆོས་ཉིད་ཀྱི་དངོས་པོའི་རང་གཤིས།།
རེ་ཞིག་སྐྱིད་པའི་འཚོ་བ་འདི་རྟག་བརྟན་མིན་རུང་།།
རང་སྣང་གསོ་བའི་བདེ་བ་དེ་རྨི་ལམ་ཡིན་ཡང་།།
རེས་སུ་འཁོར་བའི་འཇིག་རྟེན་གྱི་རང་སྣང་ཟེར་བ།།
རེ་ཞིག་བདེ་སྡུག་འདྲེས་མ་འདིའི་ངང་ཚུལ་སྐྱོ་བ།།
༢༠༡༥.༤.༥ཉིན།