དྲན་པ་ཐོར་བུ།
རྡོ་མཁར་ཡ་མ་རྒྱལ་མཚན། (རྨ་ལྷོ)
མུ་མེད་སེམས་ཀྱི་མཁའ་དབྱིངས་དྭངས་པ་ལ།།
འགྱུར་མེད་ཕུགས་རེ་བཟང་བོའི་ཉི་གཞོན་རྒྱན།།
ཆད་མེད་བརྩོན་འགྲུས་འོད་སྟོང་འབར་བ་ཡིས།།
རིས་མེད་འགྲོ་ལ་བདེ་དགེའི་དཔལ་ཡོན་བསྐྲུན།།
འབྱམས་ཀླས་སེམས་ཀྱི་ཐང་ཆེན་ཀློང་ཡངས་སུ།།
ཞི་གནས་དཀར་དམར་མེ་ཏོག་ངང་གིས་འཛུམ།།
རྣམ་གཡེང་རླུང་འཚུབ་དབེན་བའི་སྐད་ཅིག་ལ།།
བདེ་ཚོར་དཔལ་ཡོན་ཟེའུ་འབྲུ་ལྷམ་མེར་མངོན།།
ཤེས་རབ་པད་མོར་དུངས་པའི་སེམས་གཤིས་དེ།།
གསེར་ནག་འབུམ་གྱིས་བསྐྲུན་པའི་རིལ་བུ་འདྲ།།
དད་བརྩོན་ཁྲོ་ལྕགས་འགྲམ་ཚེམས་བྲལ་གྱུར་ན།།
གསོལ་བའི་སྐལ་བཟང་མེ་ཏོག་དབྱིངས་ཀྱི་སྤྲིན།།
མདུན་གྱི་འོད་སྣང་གཏད་པའི་ཕུགས་འདུན་དེ།།
རྒྱབ་ནས་འཁྲིགས་པའི་སྤྲིན་ནག་ཁྱུ་ཚོགས་ཀྱིས།།
དུམ་བུར་གཅོད་པའི་ལས་སྦྱོར་བརྩམས་ན་ཡང་།།
འཁྱུག་བྱེད་འོད་ལ་རལ་གྲི་འཕྱར་དང་མཚུངས།།