ཕ་ཡུལ་གྱི་སྟོན་ཁ།
གསེར་རྡོག་གིས་སྨིན་པའི་ལོ་ལེགས།
གངས་ཕྲུག་རྒྱལ། (གཞིས་ཀ་རྩེ)
འུར་འུར་བསྒྲགས་པའི་དབྱར་གྱི་འབྲུག་སྒྲ་རེ་ཞིག་མགྲིན་པ་འགགས་པ་འདྲ།།
ལང་ལོང་འདུ་བའི་སྤྲིན་པ་ནག་པོ་ལྷོ་དང་བྱང་དུ་ཡིབ་སྟེ་གནས།།
ཤག་ཤག་འབབ་པའི་ཆར་བ་ཟམ་ཟིམ་སྐེམ་དུ་སོང་བའི་མིག་ཆུ་བཞིན།།
ལྷང་ལྷང་འཚེར་བའི་ཉི་མ་ཁོ་ན་ནམ་མཁའི་རྣ་ཆ་གཅིག་པོར་གྱུར།།
དལ་བུར་གཡུགས་པའི་རླུང་བུ་ཞིག་གིས་ལོ་མའི་སྡོད་ཁང་ས་རུ་བསྒྱུར།།
དེ་མ་ཉིད་དུ་ས་གཞིའི་ངོས་ལ་གསེར་གྱིས་བྲིས་པའི་རི་མོ་བཀོད།།
ཡུལ་ལྗོངས་ཀུན་ལ་གསེར་གྱིས་སྨིན་པའི་ལོ་ལེགས་གསར་བས་མགོ་བོ་ལྡེམ།།
རྩྭ་དག་རླུང་གི་འཕྱོ་འཇགས་ཁྲོད་དུ་ཁ་དོག་ལྗང་གུ་རིམ་གྱིས་བརླགས།།
དེ་ཚེ་དུས་ཚིགས་གསུམ་པའི་ཉམས་སྣང་ས་གཞིའི་ངོས་ལ་གསལ་ལེར་འཆར།།
བྱ་བྱེའུ་མང་པོ་སྐྱོ་བས་འཕུར་ཡང་ཞིང་བའི་བཞིན་ལ་འཛུམ་མདངས་རྒྱས།།
སྙེ་མའི་མགོ་བོ་ཐུར་ལ་དཔྱངས་པ་འབྲས་བུས་བལྟམས་པའི་རྣམ་འགྱུར་ཏེ།།
དེ་ལ་རླུང་གིས་གཡོས་པའི་རྣམ་པས་བདག་པོར་གཡབ་མོ་བྱེད་དང་མཚུངས།།
ཟོར་ཆུང་ལེབ་མོ་ཤུགས་ཀྱིས་འགུལ་བས་སོག་མ་ཤོག་སྐྱ་ལྷེབ་དང་འདྲ།།
འཕྲུལ་འཁོར་ཀོང་ཏུང་བྱང①དུ་འབོད་པས་དམར་གསོད་གཏོང་དང་ཁྱད་པར་ཅི།།
རྣང་ཞིང་གྲུ་བཞིའི་སྙེ་རླབས་སྐྱོམ་པ་སྐད་ཅིག་ཉིད་ལ་མཚམས་འཇོག་བྱས།།
སོག་མའི་ཕོན་པོ་དེ་མ་ཐག་ཏུ་ཐང་དུ་ཉལ་བའི་མི་རུ་བརྫུས།།
དཀའ་ཐུབ་ལུས་ལ་རྔུལ་ཆུ་ཁྲོམ་མེར་དབུགས་ཀྱང་ཅུང་ཟད་ཧལ་བཞིན་མོད།།
བཞིན་ལ་འཛུམ་པའི་སོ་དཀར་མངོན་པ་སྐར་མ་ཤར་བའི་ངང་ཚུལ་ཅན།།
མགྲིན་པའི་སྦུབས་ནས་གླུ་སྒྲ་སྙན་མོ་རི་ཀླུང་ཐང་གསུམ་འགེངས་བྱེད་པ།།
སྟོན་གྱི་དུས་འདིར་ཞིང་གྲོང་འདི་ནི་གྲོང་ཁྱེར་དག་ལས་འཁྲུག་པར་སྣང་།།
ཚར་མའི་ཕོན་པོ་ཞིང་ཆུང་ནང་དུ་མོག་མོག་བཙོས་པའི་མོག་ཕྲུ་འདྲ།།
རིམ་པར་བརྩེགས་པའི་སྐས་ཞིང་དག་ནི་མཆོད་རྟེན་བརྩེགས་པའི་བང་རིམ་བཞིན།།
ཐང་གཤོང་ཡངས་མོའི་ཞིང་ཐང་དེ་ནི་ཤོག་དཀར་སྟེང་གི་རེ་ཁཱ་སྟེ།།
སྣ་ཚོགས་གཟུགས་དང་ཁ་དོག་གིས་འགྱིང་ཡུལ་ལུང་འདི་ཉིད་རབ་ཏུ་མཛེས།།
སྔོ་ལྗང་ལོ་མའི་ལང་ཚོ་གསར་བ་སད་སེར་གཏུམ་པོས་མ་བཅོམ་པ།།
ཡུལ་ལྷས་སྲུང་བའི་བཀའ་དྲིན་གསོ་ཕྱིར་གཏང་རག་སླད་དུ་མཆོད་པ་ཡི།།
འབྲུ་སོགས་བསྣམས་ཤིང་ལྷ་གསོལ་བྱེད་ཅིང་སྣ་ཚོགས་ཆོ་ག་ལེགས་པོར་བྱས།།
སང་ལོའི་རེ་བའི་འབྲས་བུ་སྨིན་ལ་བགེགས་བར་དབེན་པའི་སྨོན་ལམ་བཏབ།།
བཅོ་ལྔའི་ཟླ་བ་ལམ་ལམ་འཚེར་བ་ཞིང་བའི་རོགས་ཟླར་ཡོང་བ་བཞིན།།
ཉིན་དཀར་མ་ཟད་མཚན་མོའི་དུས་སུའང་གཉིད་ལ་མ་ཡུར་ལས་ལ་གཞོལ།།
སྐས་ཞིང་རི་ལམ་ཆུང་ངུ་དག་ནི་དུད་འགྲོས་མི་འདྲེན་ཐབས་མེད་ཀྱང་།།
གཞུང་ཞིང་འཕྲུལ་གྱིས་མྱུར་མོར་འདྲེན་པ་འཕོ་འགྱུར་ཟེར་བ་བསྟན་དང་མཚུངས།།
ཞིང་ཐང་གྲུ་བཞི་སྟོང་བར་གྱུར་དུས་དུད་འགྲོ་དག་གི་ལོ་སར་ཏེ།།
སོག་མའི་རྩྭ་དང་འབྲུ་ཡི་ལྷག་མ་རྩྭ་སོགས་གང་འདོད་བཟའ་ཆོག་ཅིང་།།
ཁྱུ་དང་ཁྱུ་བྱས་རྩེ་དགར་རོལ་ཅིང་རྡུང་ཁ་འགྲན་ཅིང་རྒྱལ་ཕམ་རྩོད།།
རེ་ཞིག་དཀར་ནག་ཁྲ་བོའི་ཚོན་རིས་བྲིས་ལྟར་ཡིད་འོང་རྣམ་པར་བཀྲ།།
ནས་དང་སོག་མའི་དབྱེ་བ་བརྗེད་ལ་གཡུལ་ཁ་གཅོག་ཅེས་བྱ་བ་སྟེ།།
སྔ་མོ་དུད་འགྲོའི་སུག་བཞིས་བཅགས་པས་ཉིན་མཚན་བཅོ་བརྒྱད་འགོར་བ་ལ།།
ཚན་རྩལ་འཕྲུལ་གྱི་འཁོར་ལོས་བསྒྱུར་དུས་ཉིན་ཞག་འགའ་ལ་མཇུག་སྒྲིལ་བ།།
མྱུར་ཞིང་སླ་ལ་སྟབས་བདེ་ཅན་གྱིས་འཕེལ་རྒྱས་ཞེས་པའི་རྟགས་མཚན་མངོན།།
ཕ་ས་བཙན་པོའི་གྲོང་ཆུང་འདི་རུའང་དུས་བསྟུན་གོམ་སྒྲ་ལྷང་ལྷང་གྲག །
གྲོ་ནས་སྲན་དང་པད་ཀ་སྤུངས་པས་རི་བོའི་རྔམ་ཟིལ་ཉམས་བྱེད་ཅིང་།།
བང་མཛོད་ཆེན་མོ་ལྟེམས་མེར་བཀང་བས་བྱི་བ་དགའ་བའི་འཛུམ་བག་ལྡན།།
གསེར་རྡོག་སེར་པོས་སྨིན་པའི་ལོ་ལེགས་སོ་ནམ་པ་རྣམས་དགའ་བྱེད་དེ།།
ཕ་ཡུལ་སྐྱིད་པོའི་གཤོང་གཤོང་འདི་ན་སྟོན་ཁའི་ཉམས་སྣང་མངོན་པར་བཀྲ།།
མཆན།
①ཀོང་ཏུང་བྱང་། བཙས་མ་རྔ་བའི་འཕྲུལ་ཆས་ཏེ་འགུལ་རིས་གློག་བརྙན་ཞིག་གི་ནང་དུ་ཀོང་ཏུང་བྱང་ཟེར་བས་གློག་སོག་གིས་ཤིང་བཅད་པས་དེ་ལྟར་བརྗོད་ཀྱི་འདུག