ལམ་བུ། (ཞར་བཀོད་གཅིག)

སྨྲེང་བུ། (ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


ལམ་བུ། (ཞར་བཀོད་གཅིག)


                                               སྨྲེང་བུ། (ལྷ་ས)


འགྲོ་ཐུབ་པ་ཙམ་གྱིས་ལམ་བུ་རྙེད་ཡོད་དམ


མི་ལོ་བཞི་བཅུའི་རིང་ལ

རྐང་ཐང་ངང་འགྲུལ་མཚམས་བཞག་མེད

ད་ནི་ཕྱི་མིག་གིས་འཇལ་ཚེ

ལམ་སྣ་འདྲ་བོ་ཞིག་ཟིན་ཐུབ་མེད་པ་འདྲ


སྟོན་གྱི་རླུང་བུས

མི་རྟག་པའི་བརྡ་ཡིག་བསྐུར་བྱུང

སྒམ་པོ་ཚོ་གཅིག་རྗེས་གཉིས་མཐུད་ངང

ལམ་སྣ་ཡག་པོ་རེ་བཟུང་སྟེ་བྱོན་ཚར


འགྲོ་ཐུབ་པ་ཙམ་གྱིས་ལམ་བུ་རྙེད་ཡོད་དམ


མི་ལོ་བཞི་བཅུའི་སྒང་ལ

ལྟོ་རྒྱབ་ཀྱི་སེམས་ངལ་མེད་ཀྱང

སྒམ་པོ་ཚོ་སྟོངས་ཤུལ་ཏུ

ལམ་སྣའི་རྒྱབ་རྟེན་སུ་ཞིག་འཚོལ་ཨང


སང་ཉིན་ཉི་མ་འཆར་ངེས

མཚན་ནུབ་ཀྱང་བསླེབ་ངེས

ཀྱག་ཀྱོག་ལམ་བུའང་ཡོད་ངེས

འོན་ཀྱང  ལམ་བུ་དེ་བདག་ཏུ་དབང་ངམ

ལམ་མཁན་ཞིག་གྲོགས་སུ་ཁུག་གམ


ཀྱེ  འགྲོ་ཐུབ་པ་ཙམ་གྱིས་ལམ་བུ་རྙེད་ཡོད་དམ


                                       ༢༠༡༧.༩.༢༧ས་སྲོད་དུ་སྦྱར།

 

      དེ་རིང་།

 

ཞོགས་པར་བོང་བ་རི་ནས

དགེ་འཕེལ་དབུ་རྩེ་ལ་རྒྱང་ནས་བལྟས

གྱ་གྱུའི་རི་ལམ

རྙིང་སོང་གི་རྡོ་ཁྲི

བྱིན་རླབས་ཀྱི་ཚན་ཁ

བསང་དུད་དང་ཀི་རྒྱངས

རེ་རེ་བཞིན་རི་མོར་བྲིས

 

ཉིན་གུང་གཟིམ་ཆུང་ཕུག་ནས

ལྷོ་རི་རྫ་ལ་རྒྱང་ནས་བལྟས

ལྷ་སའི་གྲོག་ཆུ་ཕྲ་མོ

ཡར་ཀླུང་གི་གཙང་པོ

ཡར་འབྲོག་གི་གཡུ་མཚོ

རོང་ཆུ་འགྲོ་བ་འདྲེན་པ

གསེར་ཉ་དང་ངང་ངུར

རེ་རེ་བཞིན་རི་མོར་བྲིས

 

དགོང་དྲོར་ཉི་ཤར་ཕུག་ནས

ཕ་ཡུལ་གྱི་ཁྱམས་རར་རྒྱང་ནས་བལྟས

འཚོ་བའི་ཤུགས་རིང

རྒས་པའི་གཉེར་མ

སོ་ནམ་པ་གཅུང་པོའི་ཞིང་ར

རེའུ་ལུག་གི་འབའ་སྐད་གཉོམ་པོ

ཨ་མས་བསྐོལ་བའི་ཐུག་པ

རེ་རེ་བཞིན་རི་མོར་བྲིས

 

     ༢༠༡༧.༥.༢༤ཉིན་ཉི་མ་ནུབ་ཁར་གཟིམ་ཆུང་ཉི་ཤར་ཕུག་ཏུ་སྦྱར།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1