འཇར་པན་གྱིས་རྒྱལ་ཡོངས་ཡུལ་སྐོར་མཛེས་ཁུལ་དུ་རིན་པ་མི་དགོས་པའི་སྐུད་མེད་དྲ་བ་མཁོ་སྤྲོད་བྱས་ནས་ཡུལ་སྐོར་བ་འགུག་པའི་འཆར་གཞི་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-27


           སྤྱི་ཟླ་8པའི་ཚེས་24ཉིན་《འཇར་པན་གྱི་དཔལ་འབྱོར་གསར་འགྱུར》ནས་གནས་ཚུལ་སྤེལ་བ་ལྟར་ན། འཇར་པན་སྤྱི་ཁྱབ་ལས་དོན་ཁང་གིས་2015ལོ་ནས་བཟུང་། རྒྱལ་ཡོངས་ཡུལ་སྐོར་མཛེས་ཁུལ་དུ་རིན་པ་མི་དགོས་པའི་སྐུད་མེད་དྲ་བ་མཁོ་སྤྲོད་བྱེད་པའི་འཆར་གཞི་བཀོད་ཡོད་པས། འཇར་པན་སྤྱི་ཁྱབ་ལས་དོན་ཁང་གིས་ས་ཁུལ་སོ་སོའི་ས་གནས་སྲིད་གཞུང་གི་མ་དངུལ་མཁོ་འདོན་ལ་རྒྱབ་སྐྱོར་བྱས་ཏེ། དྲ་སྦྲེལ་ལམ་ཐིག་དང་འབྲེལ་ཡོད་སྒྲིག་ཆས་དག་སྒྲིག་བཟོ་བྱ་རྒྱུ་རེད། 
           ལས་གཞི་འདིར་འཇར་པན་གྱི་གྲོང་ཁྱེར་དང་དངོས་མང་བཤམས་སྟོན་ཁང་སོགས་ཡུལ་སྐོར་མཛེས་ཁུལ་ལྔ་སྟོང་ལ་ཉེ་བ་ཞིག་ཚུད་ཡོད་ལ། 2020ལོའི་སྔོན་ལ་རིམ་བཞིན་སྐུད་མེད་དྲ་བའི་ཞབས་ཞུ་མྱོང་ཐུབ་པ་བྱ་རྒྱུ་རེད། ལས་གཞི་འདི་ནི་2020ལོའི་ཐོ་ཁེ་ཡོ་ཨོ་རྩལ་འགྲན་ཚོགས་ཀྱི་ཆེད་དང་། དུས་མཚུངས་སུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་འགུག་པའི་ཆེད་དུ་ཡིན་འདུག 
 
              སྐུད་མེད་དྲ་བའི་ཁོར་ཡུག་ཁྲོད་དུ། ཡུལ་སྐོར་བ་རྣམས་ཀྱིས་རང་གིས་བླངས་པའི་འདྲ་པར་སོགས་ཁ་པར་བརྒྱུད་ཕན་ཚུན་ལ་བསྐུར་ཆོག་པ་མ་ཟད། དྲ་ཐོག་ནས་ཡུལ་སྐོར་ཆ་འཕྲིན་འཚོལ་ཞིབ་བྱ་ཆོག མིག་སྔར། འཇར་པན་དུ་ཡོད་པའི་ཡུལ་སྐོར་བ་ཚོས་རྒྱལ་སྤྱིའི་ཕྱིར་ཡན་དྲ་བར་དྲ་རིན་མཐོན་པོ་སྤྲོད་དགོས་ཀྱི་ཡོད་མོད། ལས་གཞི་འདི་འགྲུབ་ཚེ་ཡུལ་སྐོར་བའི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ་པའི་ཡིད་ཆེས་བྱེད་བཞིན་འདུག
              ཚོད་དཔག་བྱས་པ་ལྟར་ན། ལས་གཞི་འདིའི་འཆར་བཀོད་ཐད་དམངས་ཁྲོད་ནས་མ་དངུལ་གཏོང་འདོད་མེད་པས། སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འགྲོ་སོང་བཏང་ནས་ས་གནས་སྲིད་གཞུང་གི་འབྲེལ་ཡོད་སྒྲིག་བཀོད་འཐུས་ཚང་གཏོང་བའི་ཐག་གཅོད་བྱ་རྒྱུ་རེད། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1