༄༅།། བོད་ཀྱི་ཚགས་པར་གསར་འགྱུར་གྱི་འཕེལ་རིམ་དང་། ཚགས་པར་ཆེ་ཆུང་གི་རྩོམ་རྩལ་ལ་དཔྱད་བསྡུར་རགས་ཙམ་བྱས་པ།

ཟླ་བ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། སྤེལ་དུས། 11-23


ཟླ་བ་ཚེ་རིང་།

          ཚགས་པར་དང་། བརྙན་འཕྲིན། རྒྱང་བསྒྲགས། དུས་དེབ་བཞི་ནི་ཆ་འཕྲིན་གཏོང་ལེན་གྱི་ལམ་བུ་ཞིག་ཡིན་ཞིང་དུས་རབས་འདི་ལ་མི་རྣམས་ཀྱི་འཚོ་བའི་ནང་མེད་ཐབས་མེད་པའི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད།   
          ད་ལྟ་ཨཱ་མེ་རི་ཁར་གསར་འགྱུར་གྱི་སློབ་གྲྭ་ཆེན་མོ་བརྒྱ་ལྷག་ཙམ་ཡོད་པ་དང་། ཧྲུས་ཏཱན་ལ་མི་འབོར་ཁྲི་ཚོ800ཡོད་པ་ལས་ཉིན་རེའི་ཚགས་པར་གྱི་འགྲེམས་སྤེལ་ཚད་གཞིའི་ངོ་གྲངས་ནི་ཁྲི420①ཟིན་གྱི་ཡོད། ཧྥ་རན་སིར་མིག་སྔར་ཚགས་པར་སྣེ་གྲངས300②ལྷག་ཙམ་ཡོད་པ། རྒྱ་གར་ལ་ཚགས་པར་རྣམ་གྲངས་ནི་སྤྱི་ལོ1993ལོར་རྩིས་པ་ལྟར་ན2500③ཙམ་གྱི་ཚད་དུ་སླེབས་ཚར།   
          རང་རྒྱལ་ལ་ཆ་བཞག་ན་ཚགས་པར་མི་འདྲ་བའི་ཁ་གྲངས་ནི་སྤྱི་ལོ1995ལོ་ལྟར་རྩིས་ན(ཕྱི་ནང་གཉིས་ཀྱི་པར་འདེབས་ཚུད)6400④ཙམ་དུ་ཟིན་ཞིང་། དུས་དེབ་མི་འདྲ་བའི་གྲངས་ཚད7559 ཙམ་ཡོད་པ།⑤ བརྙན་འཕྲིན་ལས་ཁུངས980⑥ལྷག་ཡོད་པ། རླུང་འཕྲིན་ལས་ཁུངས1200⑦ལྷག་ཙམ་ཡོད་པ། དགོང་དྲོའི་ཚགས་པར་ཁོ་ན་སྤྱི་ལོ1991ལོ་བཞིན་དྲངས་ན100⑧ ཡན་སླེབས་ཀྱི་ཡོད་པ་རེད།   
          བོད་ནི་གྲངས་ཉུང་མི་རིགས་ནང་ནས་ཚགས་པར་གསར་འགྱུར་འབྱུང་སྔ་ཤོས་གྲས་སུ་སླེབས་ཤིང་ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལ་བཅིངས་འགྲོལ་བཏང་བ་དང་།   དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་གསར་འགྱུར་སྐོར་གྱི་ཚགས་པར་དང་། བརྙན་འཕྲིན། རླུང་འཕྲིན་བསྟུད་མར་བྱུང་སྟེ་མཚོ་སྔོན་དང་། ཀན་སུའུ། ཡུན་ནན། སི་ཁྲོན་བཅས་ཞིང་ཆེན་བཞི་དང་རང་སྐྱོང་ལྗོངས་གཅིག་ལ་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་ཁྱབ་པར་མཛད།   
གཅིག བོད་དུ་ཚགས་པར་འཕེལ་རྒྱས་ཇི་ལྟར་བྱུང་ཚུལ་སྐོར། 
          བོད་ལ་མིང་དོན་མཚུངས་པའི་ཚགས་པར་གསར་འགྱུར་བྱུང་བའི་དུས་ཚོད་ནི་སྤྱི་ལོ1956ལོའི་ཟླ་བ4པའི་ཚེས22ཉིན་ལ་བཏོན་པའི《བོད་ལྗོངས་ཉིན་རེའི་ཚགས་པར》ཞེས་པ་ནས་བརྩི་དགོས། དེ་དུས་བོད་རྒྱ་ཡིག་རིགས་གཉིས་ཡོད་རུང་བོད་ཡིག་ཚགས་པར་གྱི་ནང་དོན་ཚང་མ་རྒྱ་ཡིག་ལས་བསྒྱུར་བ་ཤ་སྟག་ཡིན་པ་ལས་བོད་ཡིག་ཁོ་ནས་བྲིས་པ་གཏན་ནས་མ་བྱུང་། དེ་ནི་བོད་དུ་གསར་འགྱུར་གྱི་བྱིས་པའི་དུས་ཡིན་སྟབས་གསར་འགྱུར་དཔུང་ཁག་དང་ཆེད་ལས་མི་སྣ་དེ་བས་དཀོན། 
          སྤྱི་ལོ1907ལོར། 《བོད་ལྗོངས་ཕལ་སྐད་གསར་འགྱུར》⑨ཞེས་པའི་ཚགས་པར་བྱུང་བ་དེ་ནི་བོད་ལ་ཐོག་མར་བྱུང་བའི་ཚགས་པར་ཞིག་ཡིན་ཞིང་དེ་ནི་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་བོད་སྡོད་བློན་ཆེན་ལན་ཡུས(联豫) བྱ་བས་མ་དངུལ་བཏང་ཞིང་ཀྲང་དབྱིང་ཐང་གིས་འཁྱེར་ཡོང་བའི་རྡོ་དཔར་གྱིས་པར་དུ་བསྐྲུན། དེའི་ཀློག་པ་པོ་གཙོ་བོ་ནི་དབུས་ཀྱི་དཔོན་རིགས་ཡིན་ཞིང་། ཉིན་བཅུ་ནས་ཐེངས་རེ་འདོན་ལ་ཐེངས་རེ་ལ་ཤོག་གྲངས་སུམ་བརྒྱ་བཞི་བརྒྱ་ཙམ་ཟིན་གྱི་ཡོད་པ་རེད། དེའི་ནང་དོན་གཙོ་བོ་ནི་བོད་སྐྱོད་དམག་མིས་བོད་ཡིག་སྦྱངས་དགོས་པ་དང་བོད་མིས་རྒྱ་སྐད་སྦྱངས་ཏེ་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་བྱ་རྒྱུ་དེ་ཡིན།   
          དེ་རྗེས་ལོ་ངོ་སུམ་ཅུ་སོང་མཚམས་སྤྱི་ལོ1939 ལོའི་ཟླ4 པའི་ཚེས24 ཉིན་ཤིའི་ཁང་ཞིང་ཆེན(དེང་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ)དར་རྩེ་མདོ་གྲོང་ཁྱེར་གྱིས་བོད་ཡིག་ཐོག་ནས་ཚགས་པར⑩ཞིག་གསར་བསྐྲུན་བྱས་པ་དང་། སྤྱི་ལོ1941ལོའི་ཟླ10 པའི་ཚེས10 ཉིན《གོ་མིན་ཚགས་པར》 《གོ་མིན་ཏང་ཤཱིའི་ཁང་ཞིང་ཆེན་ཏང་པུའུ་ལས་ཁུངས་ཚགས་པར》གྱི《གཟའ་འཁོར་རེའི་བོད་ཡིག་གི་པར་ངོས》⑾ཤིག་དཔེ་བསྐྲུན་བྱས་ཏེ་མཚོ་སྔོན་དང་། དབུས། ཀན་སུའུ། ཡུན་ནན་སོགས་སུ་འགྲེམས་སྤེལ་བྱས་ཏེ་འགྲེམས་ཚད་མཐོ་ཤོས་ཤོག་ལྷེ2000 ལྷག་ཟིན་གྱི་ཡོད་པ་རེད།  
          ལོ་རབས་ལྔ་བཅུའི་སྐབས་མཚོ་སྔོན་ཞིང་ཆེན་དུ་ས་གནས་ཀྱི་རང་བཞིན་ལྡན་པའི་ཏང་གི་ཚགས་པར་ཞིག་གསར་བསྐྲུན་བྱས་པ་དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་བོད་ཡིག་ཚགས་པར་ཨང་དང་པོ་དེ་ཡིན་པར་གྲགས།   
          སྤྱི་ལོ1951ལོར་ལྷོ་ནུབ་དང་ནུབ་བྱང་བོད་སྐྱོད་དམག་དཔུང་གི་ལམ་བར་དུ《ཤིན་ཧྭ་གློག་འཕྲིན》དང《རྩྭ་ཐང་གི་གསར་འགྱུར》ཞེས་པའི་རྒྱ་ཡིག་ཚགས་པར་ཆུང་ངུ་གཉིས་སྣུམ་དཔར་བཏོན་ཤིང་། དམག་སྡེ་དེ་གཉིས་ལྷ་སར་འབྱོར་རྗེས་ཚགས་པར་དེ་གཉིས་མཉམ་དུ་སྒྲིལ་ཏེ་མིང་ལ《ཤིན་ཧྭ་གློག་འཕྲིན》ཞེས་པའི་ཚགས་པར་ཞིག་ཏུ་པར་སྐྲུན་བྱས་པ་རེད།   
          སྤྱི་ལོ1953 ལོར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཚགས་པར《གསར་འགྱུར་གནད་བསྡུས》ཟེར་བ་ཞིག་དཔར་དུ་བསྐྲུན་ཀྱང1956ལོར་མཚམས་ཆད།   
          བོད་ལ་བཅིངས་འགྲོལ་བཏང་རྗེས་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས་ཐུགས་འཁུར་ཟབ་མོ་བཞེས་ཏེ་མི་རིགས་ཀྱི་ས་ཁུལ་དུ་མི་རིགས་དེ་གའི་ཡིག་རིགས་ཐོག་ནས་ཚགས་པར་བསྐྲུན་དགོས་པའི་གལ་ཆེའི་སྙིང་དོན་ལྟར་གོང་རིམ་མི་སྣའི་བསམ་འཆར་བསྡུ་ལེན་བྱས་ཏེ་རྒྱ་ཡིག་དང་བོད་ཡིག་གཉིས་སོ་སོར་བྱས་པའི《བོད་ལྗོངས་ཉིན་རེའི་ཚགས་པར》ཞེས་པའི་མིང་རྟགས་བཀོད་དེ། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པའི་ཉིན་དེར་དངོས་སུ་འགྲེམས་སྤེལ་བྱས་པ་རེད། དེའི་སྐབས་ཀྱི་བོད་ཡིག་ཚགས་པར་གྱི་ནང་དོན་གཙོ་བོ་ནི་ཏང་ཀྲུང་དབྱང་གི་བོད་ལ་འཛིན་པའི་སྲིད་ཇུས་དང་། མི་རིགས་ཕན་ཚུན་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པ། ཕྱི་རོལ་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ། ཆོས་དད་རང་མོས་ཡིན་པའི་སྐོར་གྱི་རྩ་ཁྲིམས་ཁྱབ་བསྒྲགས་བྱེད་པ་སོགས་ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་གསར་འགྱུར་གཙོ་གནད་དུ་བཟུང་བ་དང་། དེ་བཞིན་བོད་ཀྱི་ཞིང་འབྲོག་ཐོན་སྐྱེད་ཐད་ལ་འཕོ་འགྱུར་གཏོང་ཐབས་དང་། རོགས་རེས་ཚོགས་ཆུང་འཛུགས་དགོས་པ།  མི་དམངས་ཀུང་ཧྲེ་བཙུགས་པ་སོགས་བོད་ལྗོངས་ས་ཁུལ་གྱི་གསར་འགྱུར་སྐོར་བཀོད་ཡོད་པ་རེད།   
          སྤྱི་ལོ1965ལོར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་ནས་བཟུང་བོད་ཡིག་གི《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཏང་དང་རྒྱལ་ཁབ་ཀྱི་གཏན་འབེབས་བྱས་པའི་རྩ་དོན་དང་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་ལེ་ཚན་ཕུད། བོད་ཀྱི་རྒྱ་ཆེའི་མང་ཚོགས་ལ་དམིགས་ཏེ་སྔ་རྗེས་སུ《ཏང་དང་སྡེ་ཚོགས་ཀྱི་འཚོ་བ》《དབུལ་བཅོས་ཕྱུག་འགྱུར་གྱི་རྭ་བ》 《རིག་གནས་འཚོ་བ》 《བོད་ལྗོངས་གཞོན་ནུའི་ཞིང་ཁམས》《དམག་དམངས་ཉ་ཆུའི་བརྩེ་སེམས》《ཞིང་འབྲོག་མང་ཚོགས་ཀྱིས་སྲིད་ཇུས་སློབ་སྦྱོང་བྱེད》《སྤུན་ཟླ་མི་རིགས་མདུན་དུ་སྐྱོད་བཞིན་པ》《གོམས་སྲོལ་གསར་པར་བསྟོད་པ》སོགས་ཆེད་སྒྲིག་ལེ་ཚན་མང་པོ་གསར་གཏོད་བྱས་ཡོད་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གསར་འགྱུར་ཁག་མང་པོ་འདོན་སྤེལ་བྱས་ཡོད་པ་རེད།   
          སྤྱི་ལོ1974ལོར་བོད་ལྗོངས་ས་གནས་ཁག་ནས《བོད་ལྗོངས་ཉིན་རེའི་ཚགས་པར》ལ་བོད་ཡིག་གི་གསར་འགྱུར་རྩོམ་འབྲི་བྱེད་མི160ལྷག་ཙམ་སྐོང་འཐེན་ཡོད་པ་དང1989ལོར་བོད་རིགས་གསར་འགྱུར་རྩོམ་འབྲི་བྱེད་མཁན་མི་གྲངས1000ལྷག་འཕེལ་རྒྱས་བྱུང་།  གསར་འགྱུར་ནད་དོན་ཐད་ནས་ཀྱང་སྔར་བས་རྒྱ་ཆེར་བཏང་ཡོད་པ་དང་རྩོམ་འབྲིའི་ཐོག་འཆར་གཞི་ལྡན་ལ་བསྒྱུར་བཅོས་བཏང་ཡོད་པ་སྟེ། གསར་འགྱུར་ཆེད་བྲིས་དང་གསར་འགྱུར་དཔྱད་གཏམ། གསར་འགྱུར་རི་མོ་སོགས་གྲ་རྒྱས་སུ་ཕྱིན་ཡོད་པ་སོགས་རྒྱལ་ཡོངས་དང་འདྲ་བར་ཚགས་པར་གསར་འགྱུར་ཚན་རིག་དང་ལྡན་པ་ཞིག་ཏུ་འགྱུར་ཡོད་པ་མི་རྣམས་ཀྱི་མཐོང་གསལ་ལགས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས་བཟུང་བོད་ཀྱི་གསར་འགྱུར་གྱི་ལས་ཀའི་བྱེད་ཕྱོགས་ཀྱང་ཡར་ངོའི་ཟླ་བཞིན་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ཡོད་པ་རེད།   
          སྤྱི་ལོ1979ལོར་《བོད་ལྗོངས་ཚན་རྩལ་ཚགས་པར》གསར་དུ་བཏོན་ཞིང་དེའི་ནང་དོན་ནི་བོད་ལྗོངས་ས་མཐོར་ཞིང་འབྲོག་གཉིས་ཀྱི་ཐོན་སྐྱེད་བྱེད་པའི་ཤེས་བྱ་ངོ་སྤྲོད་དང་ས་གཤིས་དང་གནམ་གཤིས་ཀྱི་འཕོ་འགྱུར། ཚན་རིག་དང་མཐུན་པའི་སྒོ་ནས་བྱ་བཞག་སྒྲུབ་ལུགས། བོད་ཀྱི་གསོ་རིག་ཐོག་ནས་ནད་ཇི་ལྟར་བཅོས་ལུགས། ཐ་ན་ཚལ་གང་བཟས་ན་ལུས་ལ་ཕན་ལུགས་རྒྱུ་མཚན་ཁུངས་ལྡན་ཐོག་ནས་ཇི་ལྟར་བྱེད་ཐབས་སོགས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱ་ཆེའི་མང་ཚོགས་ལ་ཞབས་ཞུ་བྱེད་ཀྱི་ཡོད་པ་རེད།   
          སྤྱི་ལོ1985ལོར་《ལྷ་སའི་དགོང་དྲོའི་ཚགས་པར》གསར་འདོན་བས་ཤིང་དེའི་ཕྱི་ལོ་མར་དངོས་སུ་ས་གནས་ཁག་ལ་འགྲེམས་སྤེལ་བྱས་པ་རེད། དེ་ནི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་ཚགས་པར་ཞིག་ཡིན་ཞིང་ཏང་གི་བྱེད་ཕྱོགས་དང་། ལམ་ཕྱོགས་སྲིད་ཇུས་རྩ་བའི་རྩ་དོན་དྲིལ་བསྒྲགས་བྱེད་པ་དང་། ལྷ་ས་གྲོང་ཁྱེར་གྱི་སྐབས་ཐོག་དུས་ཐོག་གི་རྩ་དོན་དང་། གལ་ཆེའི་ལས་འགན་ཁྱབ་བསྒྲགས་བྱེད་པ། དེ་མིན་གཙོ་བོ་རྒྱ་ཆེའི་མང་ཚོགས་ལ་ཞབས་ཞུའི་ཁ་ཕྱོགས་སྟོན་པ་དང་ཤེས་བྱ་ངོ་སྤྲོད། རོལ་རྩེད། བརྡ་ཁྱབ་སོགས་ནང་དོན་རྣམ་པ་སྣ་ཚོགས་ལྡན་པའི་ཚགས་པར་ཆུང་ཆུང་ཞིག་ཡིན་ལ་བོད་ཡིག་གི་འགྲེམས་སྤེལ་ངོ་གྲངས5000ཙམ་དང་རྒྱ་ཡིག་གི་འགྲེམས་སྤེལ་ཁྲི3 ཙམ་རེད། གཞན་ཡང་དེ་དང་འདྲ་བར1985ལོར《བོད་ལྗོངས་གཞོན་ནུའི་ཚགས་པར》གསར་དུ་བཏོན་པ་དང་སྤྱི་ལོ1987ལོར《གཞིས་ཀ་རྩེའི་ཚགས་པར》ཐོན། 1993ལོར《ཆབ་མདོའི་ཚགས་པར》 《མངའ་རིས་ཚགས་པར》སོགས་ས་གནས་ཁག་གི་གསར་འགྱུར་དང་ད་དུང་ཆེད་ལས་རང་བཞིན་ལྡན་པའི《བོད་ལྗོངས་ཁྲིམས་ལུགས་ཚགས་པར》《བོད་ལྗོངས་རིག་གནས་ཚགས་པར》 《བོད་ལྗོངས་རྩ་འཛུགས་མི་དོན་ཞིབ་འཇུག》 《བོད་ལྗོངས་ཡུལ་སྐོར་ཚགས་པར》 《བོད་ལྗོངས་དཔལ་འབྱོར་རྟོག་ཞིབ་ཚགས་པར》 《བོད་ལྗོངས་བརྙན་འཕྲིན་ཚགས་པར》སོགས་ཆར་ཤུལ་གྱི་སྨྱུག་རྩ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད།  
          མདོར་ན་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་བ་ནས་ད་བར་ཚགས་པར་དང་དུས་དེབ་རིགས་མི་འདྲ་བ་བརྒྱ་ལྷག་བྱུང་ཡོད།   
གཉིས། ཉིན་རེ་ཚགས་པར་གསར་འགྱུར་གྱི་གོ་དོན་དང་རྣམ་གྲངས།   
          རང་རྒྱལ་ནི་འཛམ་གླིང་ཐོག་ཚགས་པར་འབྱུང་སྔ་ཤོས་ཤིག་ཡིན་ལ་ཐང་རྒྱལ་རབས་དུས་ནས་དཔོན་རིགས་ཚགས་པར་བྱུང་བར་རྩིས་ན་ད་བར་ལོ་ངོ1300ལྷག་ཙམ་ཕྱིན་པ་དང་།1815ལོར་བཏོན་པའི་ཉེ་རབས་ཚགས་པར་ཨང་དང་པོ《ཟླ་རེའི་ཐེམ་དུད་སྡོམ་རྩིས་བརྟག་པ》ནས་ད་བར་ལོ200ཙམ་ཕྱིན་པ། 1925ལོར་ཀྲུང་གོ་གུང་ཁྲན་ཏང་གིས་གསར་གཏོད་མཛད་པའི་ཚགས་པར་ཨང་དང་པོ《ཁྲག་དྲོན་ཚགས་པར》ནས་ད་བར་ལོ་ངོ100ཙམ་འདས་ཚར། རང་རེའི་བོད་ལ1907ལོ་ནས་རྩིས་ན་ད་བར་ལོ་ངོ95ལྷག་ཙམ་སོང་འདུག     ཀྱག་ཀྱོག་གི་ལོ་རྒྱུས་དེའི་ནང་རང་རེ་མི་རིགས་དང་འདྲ་བར་དཀའ་ངལ་གྱི་ཆར་རླུང་གཤགས་པ་དང་། མི་འདྲ་བའི་གྲལ་རིམ་བརྒྱུད་དེ་ཐོག་མའི་ཚགས་པར་གཞི་གྲུབ་པ་ནས་དེའི་ངོ་བོ་དང་ཁ་ཕྱོགས། ནང་དོན། རྩོམ་རྩལ། རི་མོ། པར་ངོས་མང་ཉུང་། རྣམ་པའི་ཁ་གྲངས་སོགས་ལ་འཕོ་འགྱུར་དང་འཕེལ་རྒྱས་སོང་སྟེ་མཐའ་མར་གཞན་རྗེས་སུ་མ་ལུས་པའི་ཚན་རིག་དང་མཐུན་པ་ཞིག་ཏུ་གྱུར་ཡོད། འོན་ཏེ་ཚགས་པར་ཆེ་ཆུང་གཉིས་ཀྱི་གོ་དོན་དང་། ལས་འགན།  ཁྱད་པར། ནང་དོན། འཕེལ་ཕྱོགས་སོགས་རྨང་གཞིའི་ཤེས་བྱའི་རིགས་ཞིབ་གསལ་འཁོད་ཡོད་པ་ཆེས་དཀོན་པར་སེམས་སོ།             
          ཉིན་རེའི་ཚགས་པར་རམ་ཚགས་པར་ཆེ་བ་ཟེར་བ་ནི་གསར་དུ་ཐོན་པའི་ཕྱི་ཡུལ་གྱི་དོན་དངོས་གནས་ཚུལ་རྣམས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཤེས་པར་འདོད་པའི་གསར་འཕྲིན་དུས་ཐོག་ཏུ་སྤེལ་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་ལ་འདོད།  དེ་ནི་གསར་འགྱུར་བསྒྲགས་སྤེལ་གཏོང་བའི་གཙོའི་གྲུབ་ཆ་གསུམ་གྱི་ཡ་གྱལ་ཞིག་ཡིན་ལ་ཏང་དང་སྲིད་གཞུང་གི་ཆབ་སྲིད་དང་། དཔལ་འབྱོར། སློབ་གསོ། དམག་དོན་སོགས་ཕྱོགས་གང་ས་ཅི་ཐད་ལ་མཛུབ་སྟོན་བྱེད་པའི་ཏང་གི་མགྲིན་ཚབ་པ་ཞེས་བརྗོད་ཀྱི་ཡོད།         
          རྒྱལ་སྤྱིའི་ཐོག་གི་ཚགས་པར་གྱི་གོ་དོན་ཚད་གཞི་གཞིར་བཟུང་ན“ཉིན་རེར་འགྲེམས་སྤེལ་བྱས་པའམ་གཟའ་འཁོར་གཅིག་ནང་ཉི་མ་ལྔ་ཡན་དཔེ་བསྐྲུན་བྱེད་ཅིང་མི་རྣམས་ལ་དེ་རིང་ཞོགས་པ་ནས་དགོང་མོའི་ཆུ་ཚོད་བཅུ་གཉིས་བར་གྱི་གསར་འགྱུར་མཁོ་འདོན་ཐུབ་པ་ཞིག་ལ་ཉིན་རེའི་ཚགས་པར་ཞེས་བརྗོད་དོ”ཞེས་བཀོད་ཡོད། ཉིན་རེའི་ཚགས་པར་གྱི་པར་བསྐྲུན་དུས་ཚོད་སྔ་ཕྱིར་གཞིགས་ཏེ་ཞོགས་པའི་ཚགས་པར་དང་དགོང་མོའི་ཚགས་པར་ཞེས་གཉིས་སུ་ཕྱེ་སྟེ། ཞོགས་པའི་ཚགས་པར་ནི་དཔར་དུ་བསྐྲུན་བྱས་ཏེ་མི་རྣམས་ལ་ཞོགས་པའི་གསར་འགྱུར་བལྟ་ཀློག་བྱེད་དུ་འཇུག་པ་དང་། དགོང་མོའི་ཚགས་པར་ནི་ཕྱི་དྲོ་པར་དུ་བསྐྲུན་ཞིང་མི་རྣམས་ལ་དགོང་མོ་བལྟ་ཀློག་བྱེད་པའི་ཚགས་པར་ཞིག་རེད།  
           ༡. ཉིན་རེའི་ཚགས་པར་ལ་ཁྱད་ཆོས་འདི་ལྟར་ལྡན་དགོས་ཏེ།   
          (1)ཉིན་རེའི་ཚགས་པར་གྱི་འགྲེམས་སྤེལ་ཚད་གཞི་ནི་ཉི་མ་རེར་ཐེངས་རེ་འདོན་པའམ་གཟའ་འཁོར་གཅིག་ནང་ཚུན་ལ་ཉིན་མ་ལྔ་ཡན་འདོན་ཐུབ་པ་དགོས།   
          (2)དཔར་བསྐྲུན་དུས་ནི་དགོང་མོའི་ཆུ་ཚོད་བཅུ་གཉིས་ཙམ་ལ་དཔར་འདེབས་བྱས་ཏེ་སང་ཞོགས་སྔ་པོ་མི་རྣམས་ལ་ལོངས་སྤྱོད་ཐུབ་པ་དང་། གལ་ཏེ་ཆུ་ཚོད་བཅུ་གཉིས་ཡོལ་རྗེས་དམིགས་བསལ་ལམ་གལ་ཆེའི་གསར་འགྱུར་ཡོད་ནའང་ཀློག་པ་པོ་རྣམས་ལ་རེ་བ་སྐོང་ཐུབ་པ་དགོས།   
          (3)ནང་དོན་ཐད་དེ་རིང་གི་གསར་འགྱུར་གཙོ་བོ་འཛིན་པའི་རྒྱལ་སྤྱི་རྒྱལ་ནང་དང་གྲོང་ཁྱེར་འདི་གའི་གསར་འགྱུར་དང་། དཔྱད་གཏམ་ཞོར་བཀོད་ལེ་ཚན། པར་རིས་གསར་འགྱུར་སོགས་མ་མཐར“གླིང་ཆེན་ལྔ”ཚང་དགོས་ལ།   དེ་མིན་ཚགས་པར་རྩོམ་སྒྲིག་པུའུ་དེ་གའི་ཉིན་རེའི་འཆར་བཀོད་ལྟར་ལེ་ཚན་དང་ཁྱད་ཆོས་གང་མཆིས་འདོན་ཐུབ་པ་དགོས།   
          (4)ཉིན་རེའི་ཚགས་པར་གྱི་ཀློག་པ་པོ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཡིན་ལ།  མཚན་ཉིད་རིག་པ་མཁས་ཅན་དང་དཔལ་འབྱོར་རིག་པ་མཁས་ཅན། གཞུང་ལུགས་རིག་པ་མཁས་ཅན་སོགས་ཀྱིས་ལོངས་སུ་སྤྱོད་རྒྱུའང་ཡོད།   
          (5)རྩོམ་རྩལ་ཐད་ཆེས་སྒམ་བརླིང་དང་ཆེས་ནན་ཏན་གྱི་རྣམ་འགྱུར་མཚོན་ལ་མི་རྣམས་ལ་མཛུབ་སྟོན་གྱི་རང་བཞིན་ཆེ་བའི་ཁྱད་ཆོས་ལྡན་ནོ།   
          ༢. ཉིན་རེ་ཚགས་པར་གྱི་དབྱེ་ཚུལ་དང་གྲུབ་ལུགས་བསྟན་པ།   
          (1)ཉིན་རེའི་ཚགས་པར་གྱི་ཁྱབ་ཁོངས་ཐོག་ནས་དབྱེ་ན《བོད་ལྗོངས་ཉིན་རེའི་ཚགས་པར》དང《མཚོ་སྔོན་བོད་ཡིག་ཚགས་པར》 《རྔ་བའི་ཚགས་པར》 《དཀར་མཛེས་ཚགས་པར》 《ཀན་ལྷོའི་ཚགས་པར》 《མངའ་རིས་ཚགས་པར》ལྟ་བུ་ས་ཁུལ་ཁག་གི་གསར་འགྱུར་མཚོན་པར་བྱེད་ཆེད་ས་གནས་དེ་ག་དང་ཡུལ་གྱི་མིང་སྔོན་དུ་གསལ་བར་བཀོད་ནས་རང་རང་སོ་སོའི་ཉིན་རེའི་ཚགས་པར་གྲུབ་པར་བྱས་སོ།   
          (2)ཚགས་པར་གྱི་ཁ་ཕྱོགས་ཐོག་ནས་བརྗོད་ན།   
《བཟོ་པའི་ཉིན་རེའི་ཚགས་པར》 《བཅིངས་འགྲོལ་དམག་གི་ཉིན་རེའི་ཚགས་པར》《ཞིང་པའི་ཉིན་རེའི་ཚགས་པར》 《བུད་མེད་ཚགས་པར》 《གངས་རྒྱན་ན་ཆུང་ཚགས་པར》《གཞོན་ནུའི་ཚགས་པར》སོགས་གཙོ་བོའི་དམིགས་ཡུལ་གཅིག་ལ་བཟུང་ནས་བརྟེན་པར་བྱ་བའོ།   
          (3)ཚགས་པར་གྱི་ནང་དོན་ཐད་ནས་དབྱེ་ན།   
《དཔལ་འབྱོར་ཚགས་པར》དང《ཁྲོམ་རྭའི་ཚགས་པར》 《བོད་ལྗོངས་རྩ་འཛུགས་མི་དོན་ཞིབ་འཇུག》《བོད་ལྗོངས་ཡུལ་སྐོར་ཚགས་པར》 《ཁྲིམས་ལུགས་ཚགས་པར》 《ཚན་རྩལ་ཚགས་པར》《བརྙན་འཕྲིན་ཚགས་པར》སོགས་མང་དུ་སྣང་ལ་བརྗོད་དོན་གཅིག་གཙོ་བོར་བཟུང་ནས་བཏོན་པར་བྱ་བའོ།   
          (4)དུས་ཀྱི་སྒོ་ནས་དབྱེ་ཚུལ་ཡོད་པ་སྟེ།   《ཞོགས་པའི་ཚགས་པར》དང《དགོང་དྲོའི་ཚགས་པར》 《ནན་ཕང་གཟའ་མཇུག་ཚགས་པར》 《ཀྲུང་གོའི་གཞོན་ནུའི་ཚགས་པར་གྱི་གཟའ་རེའི་ཚགས་པར》དང《ཕྱི་དྲོའི་ཚགས་པར》 ད་དུང་ཟླ་ཕྱེད་དང་ཟླ་རེའི་ཚགས་པར་སོགས་མང་དུ་མཆིས།   
          (5)ནུས་པའི་སྒོ་ནས་མིང་འདོགས་པ་ནི《འོད་གསལ་ཚགས་པར》 《ཁམས་བདེའི་ཚགས་པར》《ཁྱིམ་གྱི་ཨེམ་རྗེ》《མེ་འཁོར་མགོ་ཡི་ཚགས་པར》《གདོང་བསྐྱོད་ཚགས་པར》སོགས་མང་པོ་ཡོད།      
          (6)དཔྱད་གཞིའི་སྒོ་ནས་མིང་བཏགས་པ་ནི《དཔྱད་གཞིའི་ཚགས་པར》དང《ཇུས་བཀོད་དཔྱད་གཞིའི་ཚགས་པར》《གཞོན་ནུའི་དཔྱད་གཞི་ཚགས་པར》སོགས་ད་དུང་གྲངས་ཀྱི་སྒོ་ནས་བཏགས་པའང་ཡོད། བསྡོམས་ན་སོ་སོའི་ཁྱད་ཆོས་དང་། སྤྱི་ཚོགས་ཀྱི་འཕེལ་རྒྱས། དུས་རབས་ཀྱི་གོམ་སྟབས་ཤིན་ཏུ་མགྱོགས་པའི་དབང་གིས་ཆ་འཕྲིན་དང་གསར་འགྱུར་གྱི་འཕེལ་ཕྱོགས་དང་གྲུབ་ལུགས་ཀྱང་ཤིན་ཏུ་མང་བར་སྣང་།      
གསུམ། དགོང་དྲོའི་ཚགས་པར་གྱི་གོ་དོན་དང་གྲུབ་ཚུལ།   
          ཆིང་གོང་མ་ཀོང་ཤུས་ལོ་བརྒྱད་པ་སྤྱི་ལོ1882ལོར་ཧྲང་ཧད《ཙི་ལིང་ཧུ་ཚགས་པར》གྱི་ཚོད་ལྟའི་སྒོ་ནས་གཉེར་བའི《མཚན་མོའི་ཚགས་པར》⑿ཞེས་པ་ནི་ལོ་རྒྱུས་ཐོག་གི་དགོང་མོའི་ཚགས་པར་ཨང་དང་པོ་དེ་ཡིན། དེའི་རྩོམ་སྒྲིག་ནང་དོན་ཐད“དཔྱད་གཏམ”དང“གོང་མའི་བཀའ” “ས་གནས་ཁག་གི་གསར་འགྱུར” “ས་ཁུལ་འདི་གའི་གསར་འགྱུར”“ཞོར་བཀོད་ལེ་ཚན”སོགས་བཀོད་འབྲི་བྱས་ཡོད། འོན་ཏེ་ད་ལྟའི་དུས་སྐབས་ལྟར་གྱི་ཆ་རྐྱེན་དང་ཚད་ལྡན་ཞིག་སླེབས་མེད་པར་བརྟེན་དེ་དུས་ཀྱི་ཚགས་པར་གྱི་ནང་དོན་གང་རུང་ཚང་མར་ཁ་བྱང་འབྲི་བའི་སྲོལ་དར་མེད། སྤྱི་ལོ1920ལོའི་ཟླ5 པར་ཧྲང་ཧད་དུ་ཧྲན་ཀྲའུ་ཨུ(沈卓吾)ཡི་གཙོ་གཉེར་བྱས་ཏེ་བཙུགས་པའི《ཀྲུང་གོ་དགོང་མོའི་ཚགས་པར》ཞེས་པ་ནི་རང་རྒྱལ་དུ་ཁེར་རྐྱང་ཐོག་འགྲེམས་སྤེལ་བྱེད་ཁུངས་ཤིག་གསར་དུ་གཏོད་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཧྲང་ཧད་ཀྱི《དམངས་གསར་དགོང་དྲོའི་ཚགས་པར》(新民晚报)དང་ཀོང་ཀྲའུ་ཡི《ཡང་གྲང་དགོང་དྲོའི་ཚགས་པར》(羊城晚报)གཉིས་བཙུགས་སྔ་ཤོས་རེད། དེ་རྗེས་གསར་འགྱུར་ལས་དོན་འཕེལ་རྒྱས་མགྱོགས་ཏེ་སྤྱིར་ན་ཞིང་ཆེན་དང་གྲོང་ཁྱེར་རེ་དགོང་དྲོའི་ཚགས་པར་དང་དེ་མིན་ཚགས་པར་ཆུང་བ་གཅིག་མཇུག་གཉིས་མཐུད་ཀྱིས་གྲངས་འབོར་མང་པོ་གསར་གཏོད་བྱས་ཡོད་པ་རེད།   
          རང་རེ་བོད་ལ་སྤྱི་ལོ1985ལོའི་ཟླ་བ7པའི་ཚེས1ལ《ལྷ་སའི་དགོང་དྲོའི་ཚགས་པར》གསར་དུ་བཏོན་ཞིང་། 1986ལོར་ཁྱོན་ཡོངས་ལ་འགྲེམས་སྤེལ་བྱས་ལ་དེའི་པར་ངོས་སུ་ལྷ་ས་གྲོང་ཁྱེར་གྱི་གསར་འགྱུར་གཙོ་ཆེ་བ་དང་། གོང་རིམ་པའི་གསར་འགྱུར་གནད་བསྡུས། ཞོར་རྩོམ་ལེ་ཚན་རོལ་རྩེད་རྣམ་གཞག   ཤེས་བྱ་ངོ་སྤྲོད་སོགས་ཡོད་པ་ནས་དེང་སང་དེ་བས་ནང་དོན་ཕུན་སུམ་ཚོགས་པ་དང་། གཞི་རྒྱ་ཆེ་བ། པར་རིས་གསར་འགྱུར། ཞར་ཞོར་དུ་བརྡ་ཁྱབ་མཚམས་སྦྱོར་སོགས་ནང་སའི་སྐད་གྲགས་ཡོད་པའི་དགོང་དྲོའི་ཚགས་པར་དང་གཅིག་འདྲར་སྣང་ཞིང་བོད་ཀྱི་རྒན་དར་གཞོན་གསུམ་གྱི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་པའི་ཚགས་པར་ཞིག་ཏུ་འགྱུར་ཡོད།   
          ཡང་སྙིང་དགོང་དྲོའི་ཚགས་པར་ཟེར་བ་ག་འདྲ་ཞིག་ལ་གོ་དགོས་མིན་དེབ་གཞན་དུ་འཚོལ་དཀའ་ཡང་གསར་འགྱུར་ཚགས་པར་གྱི་ལས་ཀའི་བྱེད་ཐབས་ལ་སྐད་གྲགས་ལྡན་པའི་བློ་མཐུན་ཀན་ཤིའི་ཧྥིན(13)(甘惜分)དང《ཚགས་པར་ལས་ཀ》ཞེས་པའི་དུས་དེབ་འདི་གཉིས་ནང་དུ“དགོང་དྲོའི་ཚགས་པར་ནི་ཉིན་རེའི་ཕྱི་དྲོའམ་དགོང་མོ་པར་བསྐྲུན་ནས་འགྲེམས་སྤེལ་བྱེད་ཅིང་། མི་རྣམས་དགོང་མོའི་ཁ་ལག་བཟའ་བའི་གཡས་གཡོན་དུ་ཀློག་ཡས་ཀྱི་ཚགས་པར་ཞིག་ཡིན་ལ་ཉིན་གཅིག་ནང་འགྲེམས་སྤེལ་བྱེད་པའི་ཚགས་པར་མཇུག་ཤོས་ཤིག་ཀྱང་ཡིན། རྒྱུན་པར་ཕྱི་དྲོའི་སྔོན་གྱི་གསར་འགྱུར་བསྒྲགས་སྤེལ་བྱེད”⒁ཅེས་ཆ་ཚང་ལ་དོན་དང་ལྡན་པ་ཞིག་བསྟན་འདུག   དགོང་དྲོའི་ཚགས་པར་ངོ་མ་ཞིག་ལ་ཆ་མཚོན་ན་ཁྱད་ཆོས་འདི་དག་ཚང་དགོས་ཏེ། (1)དགོང་དྲོའི་ཚགས་པར་གྱི་པར་སྐྲུན་ཚད་གཞི་ནི་ཉིན་རེའི་ཚགས་པར་དང་འདྲ་བར་གཟའ་འཁོར་གཅིག་ནང་ཉིན་ལྔ་ཡན་འདོན་ཐུབ་པ་བྱ་དགོས།(2)པར་སྐྲུན་དུས་ཚོད་ཉིན་དགུང་ཡོལ་རྗེས་ཡིན་ཞིང་། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་དགོང་མོའི་གསར་འགྱུར་དེ་ལོངས་སྤྱོད་ཅིག་ཏུ་འགྱུར་ཐུབ་པ་དགོས།(3)གསར་འགྱུར་ནང་དོན་ཐད་ཞོགས་པ་ཉིན་རེའི་ཚགས་པར་བཏོན་རྗེས་ཀྱི་གསར་འགྱུར་མངོན་གསལ་དོད་པོ་ཡོད་དགོས། (4)དེ་ཀློག་མཁན་གྱི་ཁ་ཕྱོགས་གཙོ་བོ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་དང་གྲོང་ཁྱེར་གྱི་གྲོང་མི་ཡིན་ཞིང་། ཆབ་སྲིད་མཁས་ཅན་དང་། གཞུང་ལུགས་མཁས་པ། དཔལ་འབྱོར་རིག་པ་མཁས་པ་སོགས་ཆེད་ལས་མཁས་དབང་རྣམས་ལ་དམིགས་པའི་ཚགས་པར་གསར་འགྱུར་ཞིག་མིན། (5)འབྲི་ཚུལ་ཐད་ཆེས་དོ་སྣང་བྱེད་དགོས་པ་དང་ནན་ཏན་བྱེད་དགོས་པའི་གསར་འགྱུར་བཀོད་པ་གཙོ་མིན་པར་དེ་ནི་ངལ་གསོ་ཐེབས་པ་དང་དུས་ཚོད་འཕྲོ་བརླག་མ་སོང་བར་བལྟས་ནའང་འགྲིག་པའི་ཚགས་པར་ཞིག་ཡིན།   
          ༡.དགོང་དྲོའི་ཚགས་པར་གྱི་དབྱེ་ཚུལ་རྣམ་གྲངས།   
          (1)ཁེར་རྐྱང་གི་རང་བཞིན་ལྡན་པའི་དགོང་དྲོའི་ཚགས་པར། དེ་ནི་ཁེ་གཙང་གི་ལས་ཁུངས་ཤིག་ཡིན་པ་གང་ཞིག་དགོང་དྲོའི་ཚགས་པར་གྱི་ལས་གནས་དེ་ལ་བརྟེན་ནས་འཚོ་ཐབས་ཐུབ་པའི་ཁེ་ལས་རིགས་ཤིག་ཡིན། དཔེར་ན་ཧྲང་ཧད་ཀྱི《དམངས་གསར་དགོང་དྲོའི་ཚགས་པར》དང་ཐན་ཅིན་གྱི《དོ་དགོང་ཚགས་པར》གྲང་ཀྲའུ་ཡི《ཡཱང་གྲོང་དགོང་དྲོའི་ཚགས་པར》ལྟ་བུ་སོགས་ཡིན།
          (2)ཉིན་རེའི་ཚགས་པར་ལ་ཁ་གསབ་མི་བྱེད་པའི་དགོང་དྲོའི་ཚགས་པར། དེ་ནི་དགོང་དྲོའི་ཚགས་པར་ཐོག་མར་གྲུབ་མཚམས་སུ་ཉིན་རེའི་ཚགས་པར་གང་རུང་ལ་གསར་འགྱུར་ཁ་སྣོན་དང་ལྷག་མ་འགོད་བྱེད་ཅིག་ཡིན་པར་སྣང་ཡང་། དེ་རྗེས་ཁ་ཕྱོགས་འགྱུར་ཏེ་རང་རང་སོ་སོའི་ཁེ་གཙང་གི་ལས་འགན་ཞིག་ཏུ་གྱུར་བ་དང་ཐ་ན་ཉིན་རེའི་ཚགས་པར་གང་རུང་ལ་གསར་འགྱུར་ཁ་སྣོན་དང་ལྷག་མ་འགོད་བྱེད་ཅིག་ཡིན་པར་སྣང་ཡང་། ཉིན་རེའི་ཚགས་པར་ལས་དགོང་དྲོའི་ཚགས་པར་གྱི་གསར་གྱུར་མྱུར་བ་ཐོན་ཐུབ་པའི་ཁྱད་ཆོས་ཡོད།  འོན་ཏེ་དེ་དག་ཡན་ལག་གི་སྡེ་ཚན་ཞིག་ཏུ་འགྱུར་ཡོད་པ་དཔེར་ན《པེ་ཅིང་དགོང་དྲོའི་ཚགས་པར》དང《དགོང་དྲོའི་ཚགས་པར》ལྟ་བུ་དག་ནི《པེ་ཅིང་ཉིན་རེའི་ཚགས་པར》དང《ཧྭར་པིང་ཉིན་རེའི་ཚགས་པར》གྱི་གཤམ་འོག་གི་ཚན་པ་ཆུང་ཆུང་ཞིག་རེད།   
          (3)ལས་ཁུངས་ཀྱི་དགོང་དྲོའི་ཚགས་པར་དེ་གྲོང་ཁྱིར་ཞིག་གི་དགོང་དྲོའི་ཚགས་པར་ཞིག་ཡིན་པའམ། ཡང་ན་ལས་ཁུངས་ཤིག་གི་གཉེར་བའི་ཚགས་པར་གྱི་ལས་གནས་འཛིན་ཐུབ་ཀྱི་ཡོད།  ས་ཁུལ་དེ་གའི་ཏང་ཨུད་ཀྱི་སྲིད་ཇུས་དང་། བྱེད་ཕྱོགས། ལས་འགན་དྲིལ་བསྒྲགས་བྱེད་བཞིན་ས་གནས་དེ་གའི་ཆབ་སྲིད་དང་ལས་དོན་བྱེད་ཕྱོགས་ཐོག་ལེགས་འགྲུབ་ཡོང་བར་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་ཡོད། དཔེར་ན《ལྷ་ས་དགོང་དྲོའི་ཚགས་པར》དང《ཤིང་ཅང་དགོང་དྲོའི་ཚགས་པར》སོགས་ལྟ་བུ།   
          (4)ཐ་སྙད་ཙམ་གྱི་དབང་དུ་བྱས་པའི་དགོང་དྲོའི་ཚགས་པར་དེ་གོང་གསུམ་དང་མི་འདྲ་བར་མིང་གི་ཐོག་ནས་དགོང་དྲོའི་ཚགས་པར་ཟེར་བ་ལས་ནང་དོན་ཐད་གོ་བདེ་ལ་དོན་རྟོགས་སླ་བའི་མི་དམངས་མང་ཚོགས་ལ་མ་དམིགས་པར་ཆེད་ལས་ཀྱི་རང་བཞིན་ལྡན་པའི་དགོད་བྲོ་པོའི་གསར་འགྱུར་དང་བརྡ་ཁྱབ་སོགས་ངོ་སྤྲོད་བྱས་ཡོད་པ་རེད། དཔེར་ན《ལྷ་སའི་བརྙན་འཕྲིན་ཚགས་པར》དང་གྲང་ཧྲ་ཡི《ཚན་རིག་དགོང་དྲོའི་ཚགས་པར》གྲང་ཁྲུན་གྱི《གློག་བརྙན་དགོང་དྲོའི་ཚགས་པར》སོགས་རྣམ་པ་དེ་རིགས་དགོང་དྲོའི་ཚགས་པར་ལ་འཕོ་འགྱུར་བྱུང་བའི་རིགས་ཤིག་གམ་ཡང་ན་དེའི་བྱེ་བྲག་དངོས་སུ་བཞག་དགོས་མིན་ཚིག་ཐག་བཅད་མ་ཐུབ་ལ་མཁས་དབང་རྣམས་ཀྱི་དགོངས་བཞེས་གང་ཡིན་མ་འཚལ་ལོ།   
བཞི། ཉིན་རེའི་ཚགས་པར་དང་དགོང་དྲོའི་ཚགས་པར་གྱི་འདྲ་བའི་ཆ་དང་མི་འདྲ་བའི་ཆ་བསྡུར་བ།   
          ཚགས་པར་ཆེ་ཆུང་གཉིས་ནི་གསར་འགྱུར་བརྒྱུད་བསྒྲགས་བྱེད་པའི་གཅེན་གཅུང་ཞིག་ཡིན་ཞིང་། འོན་ཀྱང་ཉིན་རེའི་ཚགས་པར་དེ་དགོང་དྲོའི་ཚགས་པར་ལས་ཁ་གྱེས་བར་བརྟེན་འདྲ་བའི་ཆ་ཡོད་ལ་མི་འདྲ་བའི་ཁྱད་པར་ཡང་ལྡན་ཡོད།   
          འདྲ་བའི་ཆ་ནི(1)གལ་ཆེའི་གནད་དོན་དང་གསར་འགྱུར་ལ་རྣམ་འགྱུར་དང་གསར་འགྱུར་པུའུ་ཡི་ལྟ་བ་བཏོན་ཚུལ་མཚུངས་པ། (2)ཚགས་པར་ཁང་གི་རྩ་བའི་རྩ་དོན་མཚུངས་པ་ནི་ཕྱོགས་གཉིས་པོས་ཏང་གི་རྩ་བའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན། (3)གཟབ་ནན་ཆེན་པོས་དྲིལ་བསྒྲགས་ལས་ཀའི་སྒྲིག་གཞི་དང་དོན་ཚན་ཁག་ལག་བསྟར་བྱེད་དགོས་པ་མཚུངས་པ། (4)ཚགས་པར་ཁང་ཞིག་ཡིན་ཕྱིན་ཆ་རྐྱེན་མང་པོ་ལྡན་པའི་རྩོམ་སྒྲིག་པ།     བལྟ་རྒྱ་མཐོང་རྒྱ་ཆེ་ཞིང་ཀུན་སྤྱོད་ལྡན་པའི་གསར་འགྱུར་འགོད་མཁན་བཅས་ངེས་པར་ཚང་དགོས། (5)གསར་འགྱུར་གྱི་འབྱུང་ཁུངས་ནི་གཅིག་ནས་གོང་རིམ་པའི་སྙིང་སྟོབས་དང་བཀོད་འདོམས་ལ་སྲུང་བརྩི་ཞུ་དགོས་པ་དང་གཉིས་ནས་གཤམ་འོག་རྒྱ་ཆེའི་མང་ཚོགས་ཀྱི་འབོད་སྒྲ་དང་བསམ་འདུན་བཅས་ཡིན།  
          མི་འདྲ་བའི་ཆ་ནི(I)སྔ་ཕྱིའི་ཁྱད་པར་ཡོད་དེ་དགོང་དྲོའི་ཚགས་པར་གྱི་རྩོམ་བསྡུའི་དུས་ཚོད་སྔ་བ་དང་། ཉིན་རེའི་ཚགས་པར་གྱི་རྩོམ་བསྡུའི་དུས་ཚོད་འཕྱི་བ་ཡོད། དེས་ན།  དགོང་དྲོའི་ཚགས་པར་གྱི་གཞན་གྱི་སྔོན་དུ་གསར་འགྱུར་བཀོད་འབྲི་བྱེད་པའི་སྒེར་བདག་གི་གསར་འགྱུར་ཆགས་པའང་ཡོད། དཔེར་ན་སྤྱི་ལོ1986ལོར་ཨཱ་མེ་རི་ཁའི“དམག་འཐབ་བ་རྟགས་ཅན”འཇིག་རྟེན་བསྐོར་བསྐྱོད་གནམ་གྲུ་ཕམ་ཉེས་བྱུང་བའི་སྐོར་གྱི་གསར་འགྱུར་ཨང་དང་པོ་ཞུ་མཁན་ནི《པེ་ཅིང་དགོང་དྲོའི་ཚགས་པར》རེད། དགོང་དྲོའི་ཚགས་པར་གྱི་འགྲེམས་སྤེལ་དུས་ཚོད་ཉིན་རེའི་ཚགས་པར་ལས་འཕྱི་བ་ཡོད། ཉིན་རེའི་ཚགས་པར་ཞོགས་པ་དང་དགོང་དྲོའི་ཚགས་པར་ཕྱི་དྲོ་ཡིན། ཁ་རྒྱུན་དུ་ཉིན་རེ་འི་ཚགས་པར་ལ“ལས་ཀའི་ཚགས་པར”དང་། དགོང་དྲོའི་ཚགས་པར་ལ“ཁྱིམ་གྱི་ཚགས་པར”ཞེས་བརྗོད།   
          (2)གསར་འགྱུར་བཀོད་འབྲི་བྱེད་ཐབས་ཐ་དད་ཡིན། ཉིན་རེའི་ཚགས་པར་ནི་ཐད་ཀར་མི་རྣམས་ལ་གསར་འགྱུར་བརྒྱུད་བསྒྲགས་དང་ལངས་ཕྱོགས་གསལ་སྟོན་བྱེད་ཅིང་དགོང་དྲོའི་ཚགས་པར་ནི་བྱ་བ་ཆུང་ཙག་ཅིག་དང་གནད་དོན་གང་རུང་གི་ཟུར་སྣ་ཞིག་ནས་དོན་དངོས་མཚོན་པར་བྱེད་ལ་ཁོམ་གསེང་དང་ཁྱིམ་དུ་རྐང་བརྐྱང་ལག་བརྐྱང་གི་ལྷོད་གཡེང་ངང་བལྟ་ཀློག་བྱེད་པའི་ཚགས་པར་ཆུང་ཆུང་ཞིག་ཡིན། རྒྱུས་ཡོད་མཁན་ཚོས་དེ་ལ“བར་གསེང་ཚགས་པར་”དང“ངལ་གསོའི་ཚགས་པར”ཞེས་ཀྱང་ཟེར།   
          (3)ཁ་ཕྱོགས་ཐ་དད་ཡིན། ཉིན་རེའི་ཚགས་པར་ནི་ཏང་དང་སྲིད་གཞུང་གི་གལ་ཆེའི་བཀའ་སློབ་དང་། སྲིད་ཇུས་ལས་དོན་བྱེད་རིགས་གོང་ནས་གཤམ་དུ་བཀོད་འདོམས་ཀྱི་རང་བཞིན་ལྡན་ལ་མང་ཚོགས་དང་ཆེད་ལས་ཅན་གང་རུང་གི་བལྟ་ཆོག་པ་ཡིན། འགའ་ཞིག་གིས་དེ་ལ་རྫོང་རིམ་པ་ཡན་གི་ཚགས་པར་ཞེས་འབོད་ཀྱིན་འདུག དགོང་དྲོའི་ཚག་པར་ནི་ཆེད་ལས་ཅན་གང་རུང་ཞིག་དང་། མཁས་དབང་གང་རུང་ལ་དམིགས་པ་མ་ཡིན་པར་དེ་ནི་གཙོ་བོ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དམིགས་ཏེ་བཏོན་པ་རེད།   
          (4)ཞོར་རྩོམ་ལེ་ཚན་བཀོད་འབྲི་བྱ་ཐབས་ཐ་དད་ཡིན། དགོང་དྲོའི་ཚགས་པར་གྱི་ཞོར་རྩོམ་ལེ་ཚན་ནང་སྙན་ངག་དང་བརྩམས་སྒྲུང་། འབོལ་རྩོམ། ཁ་དཔེ། ཤེས་བྱ་སོགས་ནང་དོན་སྣ་ཚོགས་བཏོན་ཡོད་ཀྱང་ཚང་མ་རོལ་རྩེད་དང་འཚོ་བའི་གནས་ཚུལ་གོ་བདེ་ཀློག་བདེ་ཤ་སྟག་ཡིན། ཉིན་རེའི་ཚགས་པར་གྱི་ཞོར་རྩོམ་ལེ་ཚན་ལ་སྤྱིར་ཕྱོགས་བསྡུས་ཀྱི་ཞོར་རྩོམ་དང་ཆེད་སྒྲིག་ཞོར་རྩོམ། ཆེད་ལས་ཞོར་རྩོམ་ཞེས་ཁག་གསུམ་དུ་དབྱེ་ལ་རྩོམ་རྩལ་ཐད་དེ་བས་བརྗིད་ཉམས་ལྡན་པ་དང་། གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་ཞིང་ཁམས་ཞིག་རེད།  དེ་ནི་ཚགས་པར་ཁང་སོ་སོའི་ཁྱད་ཆོས་མངོན་ས་ཞིག་དང་ལྐོག་ཏུ་འགྲན་རྩོད་བྱེད་སའི་དོ་ར་ཞིག་ཀྱང་རེད།   
          རྒྱུན་དུ་མི་མང་པོ་ཞིག་གི་གསར་འགྱུར་ལ་མི་བལྟ་བར་ཆེད་མངགས་ཞོར་རྩོམ་ལ་བལྟ་བའི་གོམས་གཤིས་ཀྱང་ཆགས་ཡོད། དབྱིན་ཇིའི་ཚགས་པར་བ་ཚོའི་ཁ་གཏམ་ལ“གསར་འགྱུར་གྱིས་མི་རྣམས་བློ་འགུགས་ཐུབ་པ་དང་། ཞོར་རྩོམ་གྱིས་ཀློག་པ་པོ་རྣམས་ཡིད་སྨོན་སྐྱེས་པར་བྱེད”⒂ཅེས་ཟེར་བའི་དོན་ཡང་ཚགས་པར་གང་རུང་ཁྲོམ་གསེང་དུ་བཙོང་བའི་གནས་ཚུལ་འོག་གལ་ཏེ་ཚགས་པར་ཐོག་གསར་འགྱུར་གལ་ཆེན་པོ་ཡོད་ཚེ་མི་ཚོས་ལམ་སེང་ཉོ་སྲིད་ལ་འོན་ཏེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཚགས་པར་དེ་ལ་དད་པ་སྐྱེས་ཏེ་རྗེས་སུ་ཉོ་བསམ་མིན་དེ་གའི་ཞོར་རྩོམ་ལ་རག་ལས་ཡོད།   
          (5)ནང་དོན་རྒྱས་བསྡུས་ཐད་ཐ་དད་ཡིན། ཉིན་རེའི་ཚགས་པར་གྱི་གསར་འགྱུར་ཞིབ་ཕྲ་ཚ་ལ། ཆ་ཚང་བའི་ཁྱད་ཆོས་ལྡན་ཡོད། དཔེར་ན་ཀྲུང་དབྱང་དང་སྲིད་གཞུང་ཁག་འཆར་ཅན་ལོ་རེའི་ཚོགས་འདུ་དང་རྩ་ཁྲིམས་སོགས་དགོངས་དོན་མགོ་ནས་མཇུག་བར་མ་ལུས་པར་བཀོད་འབྲི་བྱེད་པ་དང་། དེ་མིན་གཟའ་འཁོར་གཅིག་ནང་འཆར་བཀོད་ལྟར་རིམ་བཞིན་གཏན་འབེབས་བྱས་ཡོད་པའི་ནང་སློབ་གསོ་དང་། དཔལ་འབྱོར། ཁྲིམས་ལུགས་དང་སྤྱི་ཚོགས། རྒྱལ་ནང་ཆབ་སྲིད། རྒྱལ་སྤྱིའི་གསར་འགྱུར། ཚན་རིག་ལག་རྩལ་སོགས་གཏིང་ཟབ་ལ་གཞི་རྒྱ་ཆེ་བའི་ཁྱད་ཆོས་ལྡན་ཡོད་པ་དང་། དགོང་དྲོའི་ཚགས་པར་ནི་གལ་ཆེའི་ཚོགས་འདུའི་སྙིང་དོན་རྒྱས་པ་དང་། རྩ་ཁྲིམས་ཁ་སྣོན་དང་བསྐྱར་གསོ་བྱས་པ་རྣམས་རེ་རེ་བཞིན་དངོས་འབྲི་མི་བྱེད་པར་གནད་བསྡུས་ཐོག་ནས་གསལ་བསྒྲགས་བྱེད་པ་ལས་གོང་ལྟར་རེ་རེ་བཞིན་ཞིབ་རྒྱས་ཚ་པོ་འགོད་ཀྱི་མེད།   
          (6)གསར་འགྱུར་དཔྱད་གཏམ་བཀོད་འབྲི་བྱེད་ཐབས་ཐ་དད་ཡིན། ཉིན་རེའི་ཚགས་པར་རམ་ཚགས་པར་ཆེ་བའི་ནང་གསར་འགྱུར་དཔྱད་གཏམ་གྱི་འབྲི་ཚུལ་མང་སྟེ།  ཆེད་བརྗོད་དང་། དཔྱད་གཏམ་མཁན་གྱི་རྩོམ་ཡིག  ཆེད་བསྐོས་དཔྱད་གཏམ་མཁན་གྱི་རྩོམ་ཡིག དཔྱད་གཏམ་ཐུང་གྲས(རྩོམ་པ་པོའི་མིང་རྟགས་ཡོད་མེད་གཉིས་ཀ)རྩོམ་སྒྲིག་ཁང་གི་སྦྲགས་མཆན། དཔྱད་བརྗོད་ཆུང་བ་སོགས་རྒྱ་ཆེ་བར་པར་ངོས་ཕྱེད་ཀ་ཙམ་གྱི་ཡིག་འབྲུ་ཡོད་པ་དང་། ཆུང་བར་ཡིག་འབྲུ་བརྒྱ་ཙམ་ཡང་ཟིན་གྱི་མེད། དེ་དག་སྐབས་རེ་གསར་འགྱུར་དང་མཉམ་དུ་དཔྱད་གཏམ་བཀོད་པ་དང་།   སྐབས་རེ་གསར་འགྱུར་བཀོད་ཚར་བའི་རྗེས་སུ་དཔྱད་གཏམ་བྲིས་པ། སྐབས་རེ་གསར་འགྱུར་དངོས་སུ་མི་སྣ་ཡང་དཔྱད་གཏམ་ཁོ་ན་སྤེལ་བའི་སྲོལ་ཡང་ཡོད། ནང་དོན་གང་ཞིག་ལ་དཔྱད་གཏམ་སྤེལ་ལུགས་ནི་རྒྱལ་སྤྱི་རྒྱལ་ནང་གི་ཆབ་སྲིད་རང་བཞིན་ལྡན་པའི་གལ་ཆེའི་གསར་འགྱུར་དང་། སྤྱི་ཚོགས་ཐོག་གི་ཕྱོགས་ལྷུང་རང་བཞིན་མི་རྣམས་ཀྱི་ལབ་གླེང་མང་ཤོས། དེ་མིན་ཆུང་ས་ནས་རྒྱུན་པར་ལས་ཀའི་ཐོག་གི་གནས་ཚུལ། འཚོ་བའི་བྱ་བ་ཆུང་ཙག་སོགས་ལུང་རིགས་གང་རུང་ཐད་ནས་དཔྱད་བརྗོད་བྱེད་པ་རིགས་མང་བར་སྣང་། དེ་ལྟར་སྤེལ་དགོས་དོན་ཡང་རྒྱ་ཆེའི་མི་དམངས་རྣམས་ལ་ཁ་ཕྱོགས་གསལ་པོ་དགོས་པ་དང་། ལངས་ཕྱོགས་བརྟན་པོ། ལྟ་བ་གཏིང་ཚུགས་པོ་དགོས་པའི་དྲང་བདེན་གྱི་ལམ་བུ་བསྟན་པ་དང་། ཕྱིས་འབྱུང་ལས་ཀའི་ཐད་བྱེད་ཕྱོགས་ལ་ཉམས་མྱོང་ཕྱོགས་བསྡོམས་དད་བསླབ་བྱ་ལེན་དགོས་ཚུལ། འཚོ་བའི་སྤྱོད་སྟངས་ཇི་ལྟར་ལྟ་ཚུལ་ལ་གོ་སྐོན་བསླབ་བྱ་ནན་ཏན་བྱེད་པའི་དགོས་པ་མང་པོ་བསྟན་ཡོད།
          དགོང་དྲོའི་ཚགས་པར་ལ་གོང་ལྟར་རྣམ་པ་མང་བའི་འབྲི་ཚུལ་དེ་ལྟ་བུ་ག་ལ་ཡོད།  འཚོ་བའི་ཐད་ཀྱི་བྱ་བ་ཆུང་ངུ་མཚོན་པའི་དཔྱད་བརྗོད་རེ་གཉིས་ཙམ་ལས་སྲིད་ཇུས་ཀྱི་ཚབ་བྱེད་པའི་གལ་ཆེའི་དཔྱད་གཏམ་ཐོར་བུ་བཀོད་འབྲི་བྱེད་ཀྱི་མེད།   
          མདོར་ན་བོད་ལ་ཚགས་པར་གསར་འགྱུར་གྱི་བྱུང་རིམ་དང་། དམངས་གཙོའི་བཅོས་འགྱུར་བྱས་རྗེས་ལོ་ལྔ་བཅུའི་རིང་བོད་ཀྱི་ཚགས་པར་གསར་འགྱུར་གྱི་འཕེལ་འགྲོས། ཆབས་ཅིག་ཚགས་པར་ཆེ་བའམ་ཉིན་རེའི་ཚགས་པར་དང་ཚགས་པར་ཆུང་ངུའམ་དགོང་དྲོའི་ཚགས་པར་གྱི་མཚན་ཉིད་དང་ཁྱད་ཆོས།  ལས་འགན་སོགས་ནམ་རྒྱུན་འཚོ་བའི་ཁྲོད་མ་འཁྲུལ་བར་ཤེས་རྟོགས་ཡོང་ཕྱིར་འབྲི་ཁུལ་བྱས་པ་ན། མཁས་དབང་རྣམས་དང་དེའི་ཆེད་ལས་པའི་འཇོན་ཐང་ཅན་རྣམས་ཀྱི་སྤྱན་སྔར་སོང་ཚེ་མཛུབ་སྟོན་གྱི་གྲུབ་ཆར་བསྙིལ་ན་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་གཞན་གང་ཡང་མིན། ། 
དཔྱད་གཞིའི་ཡིག་ཆ།
①②③④《གསར་འགྱུར་འཐབ་ཕྱོགས》96.12   
⑤《ས་དེབ་རྩོམ་འགྲིག》
 ⑥⑦⑧《དགོང་དྲོའི་ཚགས་པར་ཞིབ་འཇུག》1997.1   
⑨《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཚགས་པར་འཕེལ་རྒྱས》ཞེས་པ་ལས་བཏུས། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོས་དཔེ་བསྐྲུན་བྱས། 
⑩⑾《གསར་འགྱུར་བརྒྱུད་བསྒྲགས་ཀྱི་དཔྱད་རྩོམ་སྙན་སེང་ཕྱོགས་སྒྲིག》ལས་དྲངས། དེ་ནི་ཀྲུང་གོ་མི་དམངས་སློབ་ཆེན་གྱིས་དེབ་བཏོན། 
⑿《ཀྲུང་གོ་ཚགས་པར་བསྡུ་རུབ་གཅེས་བསྡུས》ཞེས་པ་ལས་དྲངས། དེ་ནི་ཤིན་ཧྭ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ནོ།  
⒀⒁ཀན་ཤིའི་ཧྥུན་གྱིས་བརྩམས་པའི《གསར་འགྱུར་ཚིག་མཛོད་ཆེན་པོ》   
⒂《ཚགས་པར་རྩོམ་སྒྲིག་རིག་པ》 དེ་ཀྲུང་གོ་མི་དམངས་སློབ་ཆེན་ནས་དཔེ་བསྐྲུན་བྱས་ཤིང་གསར་འགྱུར་ཚན་པའི་སློབ་དེབ་ཞིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1