༄༅།། ཡིག་བསྒྱུར་ལས་དོན་ཐད་ཐག་གཅོད་བྱ་དགོས་པའི་གནད་དོན་འགའ་ཞིག་གླེང་བ།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 12-17


ཐུབ་བསྟན་ཕུན་ཚོགས།
          གཅིག  ཡིག་བསྒྱུར་གྱི་དགོས་པ།
          འཇིག་རྟེན་འདིར་མི་རིགས་ཀྱི་དབྱེ་བ་བྱུང་པ་ནས་བཟུང་། ཕྱི་ནང་གི་བྱ་དངོས་ཐམས་ཅད་ལ་རང་རང་གི་ཡུལ་སྐད་དང་མཐུན་པའི་ཐ་སྙད་རེ་བཏགས་ནས་ཕན་ཚུན་གོ་བརྡ་སྤྲོད་རེས་བྱེད་བཞིན་ཡོད་པ་རེད། ཐ་སྙད་འདོགས་ཚུལ་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་སྟེ་རྣམ་པ་གཉིས་སུ་བྱུང་ཞིང་།  དེ་ལ་འདོད་རྒྱལ་ཞེས་པ་ནི་དཔེ་དང་རྒྱུ་མཚན་གང་ལའང་རང་འང་མ་བརྟེན་པར་དངོས་པོ་དེ་མཚོན་པར་བྱེད་པའི་ཆེད་དུ་ཐོག་མར་ནན་གྱིས་བཏགས་པའི་མིང་སྟེ་དཔེར་ན། ས། ཆུ། མེ། རླུང་། ནམ་མཁའ། ཉི་མ་ལ་སོགས་པ་རང་བྱུང་གི་དངོས་པོའི་མིང་དང་། རྟ། ཟོག ར། ལུག་ལ་སོགས་པ་སྲོག་ཆགས་ཀྱི་མིང་། ཕྱིང་པ། རེ་ལྡེ། རྫ་མ། གྲི། སྟ་རེ་ལ་སོགས་པ་ཐོན་རྫས་ཀྱི་མིང་སོགས་བགྲངས་ཀྱིས་མི་ལོང་བ་ཞིག་ཡོད་པ་རེད།  རྗེས་གྲུབ་ཀྱི་མིང་ནི་དངོས་པོ་གང་ཡང་རུང་བ་ཞིག་མཚོན་པར་བྱེད་པའི་ཆེད་དུ་དཔེ་དང་རྒྱུ་མཚན་ངེས་ཅན་ཞིག་གཞིར་བཟུང་ནས་བཏགས་པའི་མིང་སྟེ། དཔེར་ན། ཤིང་རྟ།  ཀོ་གྲུ  མེ་འཁོར། གནམ་གྲུ་ལ་སོགས་པའི་མིང་ལྟ་བུ་རྣམས་རེད། རྗེས་གྲུབ་ཀྱི་མིང་དེ་ལ་ནང་གསེས་སུ་དབྱེ་ན། འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ། རྒྱུ་མིང་འབྲས་ལ་བཏགས་པ་དང་འབྲས་མིང་རྒྱུ་ལ་བཏགས་པ། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པ་དང་ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ་ལ་སོགས་པའི་དབྱེ་བ་ཡོད་ཀྱང་། དོན་དུ་དེ་ནི་འཇིག་རྟེན་ཁམས་ཀྱི་བྱ་དངོས་རྣམས་མཚོན་པར་བྱེད་པའི་ཐབས་འབའ་ཞིག་དེ་ཡིན་ནོ།། 
          དེ་ལྟ་བུའི་མིང་བརྡ་ཐ་སྙད་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་བྱ་དངོས་རྣམས་རང་གི་བློ་ཡུལ་དུ་རྟོགས་པར་བྱ་བ་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་སྲོལ་ལུགས་སུ་ཆགས་ཡོད། སྤྱིར་འགྲོ་བ་མིའི་རིགས་སུ་གྱུར་བ་ཞིག་ཡིན་ཕྱིན་དབྱིབས་དང་སྐད་རིགས་ཐ་དད་པ་ཞིག་ཡིན་ནའང་། ཕྱི་རོལ་ཡུལ་གྱི་རྣམ་པ་དེ་དག་ཐུན་མོང་སྤྱིར་སྣང་ཙམ་དུ་འཛིན་སྟངས་གཅིག་པར་བྱུང་བའི་རིགས་དང་། ཁོར་ཡུག་གི་ཆ་རྐྱེན་མི་འདྲ་བའི་དབང་གིས་དོན་ལ་ཞེན་སྟངས་མི་འདྲ་བའི་ཁྱད་པར་ཡང་བྱུང་ཡོད་པ་དཔེར་ན། གཟའ་བདུན་གྱི་མིང་ལ།
          བོད་སྐད་དུ།       རྒྱ་སྐད་དུ།            དབྱིན་ཇིའི་སྐད་དུ།        
          ཉི་མ།           རི་ཡའོ(日曜)        སོན་རྡེ(Sunday)          
          ཟླ་བ།            ཡོའེ་ཡའོ།(月曜 )   མོན་རྡེ།(Monday)          
          མིག་དམར།       ཧོའོ་ཤིན།(火星)     ཐུའུ་སུ་རྡེ།(Tuesday)          
          ལྷག་པ།          ཧྲུའེ་ཤིན།(水星)     ཝེའེ་ནི་སི་རྡེ།(Wednesday)     
          ཕུར་བུ།          རྨུའུ་ཤིན།(木星)     སྲུར་སི་རྡེ།(Thursday)           
          པ་སངས།         ཅིན་ཤིན།(金星)     ཧྥུར་རྡེ།(Friday)           
          སྤེན་པ།           ཐུའུ་ཤིན།(土星)     སྲ་ཐིར་རྡེ།(Saturday)    
          དེ་ལྟའི་མི་རིགས་ཐམས་ཅད་ཀྱི་ཐུན་མོང་སྤྱི་སྲོལ་དུ་དུས་མཚོན་བྱེད་ཀྱི་གཟའ་བདུན་གྱི་མིང་ལ།   བོད་རྒྱ་དབྱིན་གསུམ་ལ་སོགས་པའི་མི་རིགས་མང་པོ་ཞིག་གི་སྐད་དུ། རྗོད་བྱེད་སྒྲའི་སྒོ་ནས་ཕན་ཚུན་འབྲེལ་མེད་སོ་སོར་ཆགས་ཡོད་ཀྱང་། བརྗོད་བྱ་དོན་གྱི་ངོས་ན་བོད་སྐད་དུ་ཉི་མ་དང་། རྒྱ་སྐད་དུ་རི།(日)དབྱིན་སྐད་དུ་  སོན།(Sun)དེ་བཞིན་དུ་ཟླ་བ་ལ་ཡོའེ།(月)མོན།(Moon)རྣམས་དོན་གཅིག་མིང་གི་རྣམ་གྲངས་ཙམ་དུ་ཡིན་པ་མ་ཟད། གཞན་གྱི་གཟའ་ལྔ་བོ་ཡང་ངོ་བོ་ཤིང་། མེ། ས། ལྕགས། ཆུ་སྟེ་འབྱུང་བ་ལྔའི་ཁམས་དང་སྦྱར་ཚུལ་དོན་ལ་གཅིག་མཚུངས་སུ་བྱུང་ཡོད་པ་འདི་ནི།  ཡུལ་དོན་ལ་སྣང་ཞེན་གཉིས་ཀ་ཕལ་ཆེར་གཅིག་མཚུངས་སུ་བྱུང་བའི་གྲས་ཡིན་ཞིང་། འདིའི་རིགས་ལ་བརྟེན་ནས་མི་རིགས་དང་སྐད་རིགས་ཀྱི་ཐོག་མའི་དབྱེ་མཚམས་ལ་རྩད་གཅོད་དང་ཞིབ་འཇུག་བྱེད་འོས་པ་ཞིག་རེད།
          སྣང་ཞེན་གཅིག་མཚུངས་མེད་པའི་རིགས་ནི་དཔེར་ན། བོད་མིས་ཤ་རྗེན་ཟ་བ་ལ་རྒྱ་རིགས་ཀྱིས་ཞེད་སྣང་སྐྱེ་བ་དང་། རྒྱ་རིགས་ཀྱིས་སྦྲུལ་ཟ་བ་ལ་བོད་མིས་ཞེད་སྣང་སྐྱེ་བ་ལྟ་བུ་སྟེ། ཤ་རྗེན་དང་སྦལ་སྦྲུལ་དེ་དག་བོད་རྒྱ་གཉིས་ཀ་ལ་ཡུལ་གྱི་རྣམ་པ་ཙམ་དུ་མཐུན་སྣང་གཅིག་ཀྱང།  དེ་ལ་ཁོར་ཡུག་གི་ཆ་རྐྱེན་མི་འདྲ་བའི་དབང་གིས་ཕྱོགས་གཅིག་གིས་བཟའ་བྱའི་ཟས་སུ་མཐོང་ནས་ཞེན་པ་སྐྱེ་བ་ལ།  ཕྱོགས་གཞན་དེས་འཛེམས་བྱའི་དུག་ཏུ་མཐོང་ནས་ཞེད་སྣང་སྐྱེ་བ་འདི་རིགས་ནི། སྣང་ཚུལ་གཅིག་ལ་ཞེན་ཚུལ་མི་གཅིག་པའི་གྲས་ཡིན། དེ་ལྟར་ཡུལ་ལ་ཞེན་ཚུལ་མི་འདྲ་བའི་དབང་གིས་ཡུལ་སྲོལ་དང་། གོམས་གཤིས། ཆོས་ལུགས། ལྟ་བ། རིག་གནས་སོགས་ཐ་དད་པ་མང་པོ་ཞིག་སྲོལ་གཏོད་བྱས་དང་བྱེད་མུས་ཡོད་པ་དེ་དག་ཡིག་བསྒྱུར་གྱི་ལམ་ནས་ཕན་ཚུན་ངོ་སྤྲོད་བྱེད་དགོས་ཤིང་།   དེས་ན་མི་རིགས་ཁག་བར་འབྲེལ་བ་དང་རིག་གནས་བརྗེ་ལེན་བྱེད་པ་དང་རང་རིགས་ཀྱི་རིག་གཞུང་ལ་ཁ་གསོས་དང་དར་རྒྱས་གཏོང་བར་ཡིག་བསྒྱུར་གྱི་བྱ་བ་དེ་ནི་མེད་དུ་མི་རུང་བའི་བའི་ལས་ཀ་ཞིག་ཡིན་ཏེ། དཔེར་ན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་པོ་བོ་ངྷི་ས་ཏྭ་དང་སློབ་དཔོན་པད་མ་འབྱུང་གནས་རྣམ་གཉིས་བོད་དུ་གདན་འདྲེན་ཞུས་ཤིང་།  རང་ལོ་བརྒྱད་ནས་བཅོ་བརྒྱད་བར་གྱི་རིགས་རུས་ཁྱད་མེད་དང་། དབང་པོ་སྐྱོན་མེད། ཁམས་དྭངས་ཤིང་བློ་རིག་བཀྲ་བ། ཆོས་ལ་དད་པའི་གཞོན་ནུ་བརྒྱ་ལྷག་ཙམ་ཞིག་བསྡུས་ནས་བསམ་ཡས་སུ་སྒྲ་བསྒྱུར་གླིང་ཞེས་པའི་ཡིག་བསྒྱུར་གྱི་ཆེད་ལས་སློབ་གྲྭ་ཞིག་བཙུགས། སྐ་ཅོག་ཞང་གསུམ་ལ་སོགས་པའི་ལོ་ཙཱ་བ་མང་པོས་གསོ་སྐྱོང་མཛད། རྒྱ་གར་ནས་ལོ་ཙཱ་བ་བརྒྱ་རྩ་བརྒྱད་གདན་འདྲེན་ཞུས་ཏེ། རྒྱ་བོད་གཉིས་ཀྱི་ལོ་ཙཱ་བ་རྣམས་ཕན་ཚུན་དཔུང་སྡེབ་ཀྱིས་ཡིག་བསྒྱུར་ལས་ཀ་བྱས། བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་པ་དང་། ཆོས་ཀྱི་གཞུང་ལས་བྱུང་བའི་བརྗོད་བྱའི་དོན་དང་མི་འགལ་བ། བོད་རང་གི་མིས་གོ་བདེ་བ་བཅས་དགོས་པའི་རྩ་དོན་ཆེན་པོ་གསུམ་གཏན་འབེབས་གནང་སྟེ།  སངས་རྒྱས་ཆོས་ལུགས་ཀྱི་རིགས་གཞུང་མང་པོ་བོད་སྐད་དུ་བསྒྱུར་བ་དེས་ནི་བོད་ཀྱི་ཤེས་རིག་དང་།  རིག་གཞུང་ལ་བར་བརྒལ་གྱི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།  ཡིག་བསྒྱུར་གྱི་རྩ་དོན་གསུམ་པོ་འདི་ནི་དེང་དུས་ཀྱི་ཡིག་བསྒྱུར་ལས་ཀའི་ནང་དུའང་ཡིད་འཇོག་དང་དང་ལེན་བྱེད་དགོས་པར་མཐོང་།
          གཉིས། སྐད་རིགས་གཉིས་ཀྱི་ཐ་སྙད་ཀྱི་གོ་བསྡུར་ནས་ཕན་ཚུན་བསྒྱུར་དགོས་པ།
          སྤྱིར་ཡིག་བསྒྱུར་ཀྱི་དམིགས་ཡུལ་ནི་མི་རིགས་གང་ཡང་རུང་བ་ཞིག་གི་སྐད་ཡིག་ཏུ་བྲིས་པའི་རིག་གཞུང་དེའི་ནང་དོན་ཇི་བཞིན་མི་རིགས་གཞན་ཞིག་གི་སྐད་ཡིག་ཏུ་ཕབ་རྒྱུ་དེ་རེད།  དེས་ན་བསྒྱུར་བྱ་དང་སྒྱུར་བྱེད་གཉིས་པོ་ཕན་ཚུན་གོ་བསྡུར་ཞིང་སོ་སོར་ཡུལ་སྲོལ་གཤིས་ལུགས་དང་མཐུན་པའི་སྒྲའི་ལམ་ནས།  བརྗོད་དོན་གཉིས་པོ་གཅིག་གྱུར་ཡོང་བ་བྱེད་རྒྱུ་དེ་ནི་གནད་ཀྱི་དམ་པ་ཞིག་སྟེ།  ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་སངས་རྒྱས་ཆོས་ལུགས་ཀྱི་རིག་གཞུང་རྣམས་བོད་སྐད་དུ་བསྒྱུར་བའི་སྐབས་སུ། སྔར་བོད་རང་གི་གོམས་སྲོལ་དང་མཐུན་པའི་ཆོས་སྐད་རྣམས་རང་སོར་དུ་བཞག་ནས་བསྒྱུར་ཡོད་སྟབས། བརྗོད་བྱའི་དོན་གོ་སླ་ཞིང་། རྗོད་བྱེད་ཀྱི་སྒྲ་ཟོར་ཡངས་བ། ཐོག་མ་ནས་བོད་སྐད་དུ་བྲིས་པ་ཇི་བཞིན་བྱུང་ཡོད་པ་དེང་དུས་བཞུགས་པའི་བཀའ་བསྟན་ཁག་ལ་བལྟས་པ་ཙམ་གྱིས་ཤེས་ནུས་ཏེ། དཔེར་ན། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་བོད་ཡིག་ཏུ་བསྒྱུར་བ་དེའི་ནང་ནས་དཔེར་མཚོན་ཙམ་དུ་ཤོ་ལོ་ཀ་འགའ་ཞིག་བཀོད་པར། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།། དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། རང་གི་ཡིད་ལ་སྒོམ་ཕྱིར་ངས་འདི་བརྩམས།། ཞེས་དང། ལུས་དང་དེ་བཞིན་ལོངས་སྤྱོད་དང།། དུས་གསུམ་དགེ་བ་ཅི་བསགས་པ།། སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར།། ཕོངས་པ་མེད་པར་གཏོང་བར་བྱ།། ཞེས་དང་།། བསྐལ་པ་སྟོང་དུ་བསགས་པ་ཡི།། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།། ལེགས་བྱས་གང་ཡིན་དེ་ཀུན་པ།། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། ཅེས་པ་ལ་སོགས་པ་རྣམས་ལ་ལེགས་པར་སོམ་དང་བོད་ཡུལ་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་ཁྱད་ཆོས་མཐོང་ཐུབ།
          ད་ནི་སྐབས་སུ་བབས་པའི་བརྗོད་བྱ་མིག་སྔར་རྒྱ་བོད་ཡིག་བསྒྱུར་གྱི་ལས་ཀའི་ནང་དུ་ལྷགས་པའི་གནད་དོན་འགའ་ཞིག་སྨོས་པ་ལ། བོད་འདི་ནི་གནའ་རབས་རིག་གནས་དར་རྒྱས་ཆེ་བའི་མི་རིགས་ཞིག་ཡིན་སྟབས། རིག་གནས་དང་། རིག་གནས་སྡེ་ཚན། རིག་གནས་ཀྱི་ཐོབ་ཐང་སོགས་ཀྱི་ཐ་སྙད་རྣམ་བཞག་ཆེས་ཕུན་སུམ་ཚོགས་པོ་ཞིག་ཡོད་རུང་། བར་ལམ་ལོ་ བཅུའི་གོད་ཆག་གི་ནང་དུ་ཐ་སྙད་དེ་དག་བཀས་བཀོད་རྒྱུད་འཛིན་དང་། ཆོས་ལུགས། རྨོངས་དད་བཅས་ཀྱི་གྲས་སུ་བཅུག་སྟེ་བཀག་སྡོམ་བྱས་པའི་ངན་ཤན་དེས། ད་རུང་ཡང་བོད་མིའི་འཚོ་བའི་ནང་གི་རྒྱུན་སྤྱོད་ཀྱི་ཐ་སྙད་ཁག་གཅིག་བེད་མེད་དུ་གཡུགས་ནས་སྒྲ་བསྒྱུར་གྱི་གཡར་ཚིག་བེད་སྤྱོད་བྱེད་ཅིང་ཡོད་པ་འདི་ནི་བོད་ཀྱི་སྐད་ཡིག་ལས་ཀ་གོང་འཕེལ་འགྲོ་རྒྱུའི་བཀག་རྡོ་ཆུང་ངུ་ཡིན། དེའི་ཐད་ཕྲན་རང་ཉིད་ཀྱི་བསམ་ཚུལ་འགའ་གླེང་བར་བྱ་བ་ལ། 
          ༡. རིམ་པ་སོ་སོའི་ཡོན་ཚད་ཀྱི་ཐོབ་མིང་བསྒྱུར་སྟངས།  དེ་ཡང་སློབ་གྲྭའི་ནང་དུ་རིག་གཞུང་སློབ་གཉེར་བྱས་ཏེ།
          སོ་སོའི་ཤེས་རིག་གི་ཁ:སྟབས་དང་བསྟུན་པའི་ཡོན་ཚད་ཀྱི་ཐོབ་ཐང་ལ། རྒྱ་སྐད་དུ། པོའོ་ཧྲི།(博士)ཧྲོའོ་ཧྲི།(硕士)སྦན་ཁོའོ།(本科)བཅས་མཐོ་དམན་རིམ་པ་གསུམ་ཡོད་པ་འདི་དག་བོད་སྐད་དུ་སྒྲ་ཐད་བསྒྱུར་གྱི་གཡར་ཚིཀ་ལས།  བོད་ཡོངས་སུ་གཅིག་གྱུར་སྤྱོད་པའི་བོད་སྐད་ཀྱི་ཐ་སྙད་འོས་འཚམས་ཤིག་བྱུང་མེད། འདི་ནི་བོད་སྐད་ལ་གཏན་ནས་མེད་པར་གསར་བཟོ་བྱ་དགོས་པའི་རིགས་ཤིག་མིན་ཏེ། དཔེར་ན་སྤྱི་ལོ་༨༦༢པའི་ཆུ་སྟག་ལོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་གཟིགས་སྐྱོང་འོག་གཡུ་ཐོག་ཡོན་ཏན་མགོན་པོས་ཀོང་པོ་སྨན་ལུང་དུ་གསོ་རིག་སློབ་གྲྭ་བཙུགས་པ་དང་། ཐོག་མར་སློབ་མ་སུམ་བརྒྱ་བསྡུས་ཤིང་། ལོ་བཅུའི་རིང་ལ་སློབ་སྦྱོང་བྱེད་རྒྱུ་གཏན་འབེབས་གནང་། སློབ་ཐོན་བྱུང་རྗེས་སོ་སོའི་ཡོན་ཚད་དང་བསྟུན་པའི་རིག་གནས་ཀྱི་ཐོབ་ཐང་རེ་གནང་ཡོད་པ་སྟེ། འབུམ་རམས་པ་དང་། རབ་འབྱམས་པ། བཀལ་བཅུ་པ། བསྡུས་ར་བ་སྟེ་རིམ་ པ་བཞིར་ཕྱེས། སོ་སོའི་ཡོན་ཚད་ཀྱི་ཆ་རྐྱེན་ལ་《གཡུ་ཐོག་རྣམ་ཐར་》ལས། སྨནཔ་འབུམ་རམས་པའི་བྱ་བའི་གཞུང་ཚད་ནི། དཔལ་ལྡན་རྒྱུད་བཞི་རྩ་འགྲེལ་ཆ་ལག་ཁ་སྐོང་མདོ་བྱང་། ཕྱོགས་རིས་ཀྱི་སྨན་པ་དགུས་བསྒྱུར་བའི་གསོ་དཔྱད་ཀྱི་དཔེ་རྣམས་དང་། བོད་ཀྱི་མཁས་པ་མི་དགུས་མཛད་པའི་དཔེ་རྣམས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་སོ་མ་རཱ་ཛ་དང་ཨོ་རྒྱན་རིན་པོ་ཆེས་མཛད་པའི་བདུད་རྩི་བུམ་པ།  སློབ་དཔོན་དཔའ་པོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དྲང་སྲོང་དཔལ་ལྡན་ཕྲེང་བས་མཛད་པའི་དྲང་སྲོང་སྙན་བརྒྱུད།  ཁ་ཆེ་ཟླ་དགས་མཛད་པའི་ཚིག་དོན་ཟླ་ཟེར་སོགས་ཀྱི་རྩ་འགྲེལ་ཁ་སྐོང་ཆ་ལག་རྣམས་བློ་ལ་ཐོན་ཅིང་། དེ་དག་གི་དོན་ལག་ལེན་དུ་བསྒྲིལ་ཤེས་པ་ལ་བྱའོ།། ཞེས་སོ།། སྨན་པ་རབ་འབྱམས་པའི་གཞུང་ཚད་ནི། རྒྱུད་བཞི་རྩ་འགྲེལ། ཆ་ལག་ཁ་སྐོང་མདོ་བྱང་། བོད་ཀྱི་མི་དགུས་མཛད་པའི་གདམས་པ་དང་། བསྟན་བཅོས་སོ་མ་རཱ་ཛ་དང་། བདུད་རྩི་བུམ་པ་རྩ་འགྲེལ་ཆ་ལག་དང་བཅས་པའོ།། སྨན་པ་བཀའ་བཅུ་པ་ནི་རྒྱུད་བཞི་རྩ་འགྲེལ་ཆ་ལག་ཁ་སྐོང་མདོ་བྱང་དང་བཅས་པའོ།། སྨན་པ་བསྡུས་ར་བ་ནི། རྩ་བཤད་ཕྱི་གསུམ་རྩ་འགྲེལ་ཆ་ལག་ཁ་སྐོང་མདོ་བྱང་དང་བཅས་པ་ལ་བྱའོ།། ཞེས་གསལ་བ་ལྟར་རོ།།
          དེ་ལྟ་བུའི་རིག་གནས་ཐོབ་ཐང་གི་མིང་དེ་དག་སྐབས་དེར་གསོ་རིག་སློབ་གྲྭ་བ་རྣམས་ཀྱི་ཡོན་ཚད་མཚོན་བྱེད་དུ་བེད་སྤྱོད་བྱས་པ་ཙམ་ལས། གསོ་རིག་གི་ཕྱོགས་ཁོ་ན་ལ་སྤྱོད་པའི་ཐ་སྙད་ཡིན་པས་མ་ཁྱབ་སྟེ། བཀའ་བཅུ་དང་། རབ་འབྱམས་ཞེས་པ་སྤྱིར་མཁས་པ་མཚོན་བྱེད་ཀྱི་ཐ་སྙད་ཡིན་པ་དམངས་ཁྲོད་ཀྱི་ངག་རྒྱུན་ཡན་དུ་ཁྱབ་ཡོད་པའི་ཕྱིར་ཏེ། དཔེར་ན། མི་ག་གེ་མོ་དེ་ནི་གཞུང་ལུགས་གང་ལའང་བཀའ་བཅུ་རབ་འབྱམས་པ་ཞིག་རེད་ཅེས་ཟེར་སྲོལ་ཆགས་ཡོད་པའི་ཕྱིར། མིང་གི་སྒྲ་དོན་ལ་བསམ་ན་ཡང་གསོ་རིག་གི་ཆེད་སྤྱོད་ཁོ་ན་ཡིན་པའི་ཐ་སྙད་ཞིག་མིན་ཏེ།  བཀའ་བཅུ་བ་ཞེས་པ་ནི་རིག་གཞུང་ཁག་མི་འདྲ་བ་བཅུའམ་པུ་སྟི་པོད་བཅུ་སྐོར་ལ་སྦྱོང་པ་མཐར་ཕྱིན་ཟིན་པའི་དོན་ཡིན། རབ་འབྱམས་པ་ཞེས་པ་ནི། གྲངས་མེད་པ་དང་ཐོགས་པ་མེད་པའི་དོན་ཡིན། དེས་ན་འདི་གཞུང་ལུགས་གྲངས་མང་པོ་ལ་སྦྱོང་པ་མཐར་ཕྱིན་པས། ཤེས་བྱ་གང་ལ་ཡང་ཐོགས་པ་མེད་པའི་བློ་མངའ་བའི་མཁས་པ་ཆེན་པོའི་དོན་ཡིན། འབུམ་རམས་པ་ཞེས་པ་ནི། འབུམ་ཞེས་པ་གྲོངས་མང་བའི་དོན་ཏེ་ཁྲི་ཚོ་བཅུ་ལ་འབུམ་ཚོ་ཟེར་བ་དང་། རམས་ཞེས་པ་ནི་རབ་འབྱམས་པ་ཞེས་སྒྲ་བསྡུས་པ་ལ་རམས་ཞེས་ཆགས་པ་རེད། དེས་ན་འདི་གཞུང་ལུགས་འབུམ་ཕྲག་གམ་ཤེས་བྱའི་རྣམ་གྲངས་འབུམ་ཕྲག་ལ་ཐོགས་པ་མེད་པའི་མཁས་པ་ཆེན་པོའི་དོན་ཏེ། འདི་ནི་ཤིན་ཏུ་མཁས་པ་ཆེན་པོའམ་དེའི་གོང་ན་མེད་པའི་མཁས་པ་ཆེན་པོའི་དོན་ཡིན། རྒྱ་སྐད་དུ་པོའོ་ཧྲི་དང་། ཧྲོའོ་ཧྲི་ཞེས་པ་རིམ་པ་མཐོ་དམན་བཞིན་དུ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཡོན་ཏན་དང་ལྡན་པའི་མཁས་པ་ཡིན་པའི་དོན་དུ་མངོན་ལ།   དབྱིན་ཡིག་ཏུའང་ཕྱོགས་མཚུངས་སུ་བྱུང་འདུག  དེས་ན་སྐད་གཉིས་ཤན་སྦྱར་བའི་སྐབས་སུ་རྒྱ་སྐད་དུ་པོའོ་ཧྲི་ཞེས་པ་དེ། བོད་དུ་འབུམ་རམས་པ་དང་། རྒྱ་སྐད་དུ་ཧྲོའོ་ཧྲི་ཞེས་པ། བོད་སྐད་དུ་རབ་འབྱམས་པ། རྒྱ་སྐད་དུ་སྦན་ཁོའོ་ཞེས་པ། བོད་སྐད་དུ་བཀའ་བཅུ་པ་ཞེས་སྦྱར་ན་རྒྱ་སྐད་ཀྱི་ནང་དོན་དང་མཚུངས་ལ། བོད་སྐད་དུ་བརྗོད་བདེ་ཞིང་གོ་སླ་བའི་ཁྱད་ཆོས་བྱུང་འདུག་པས་སླད་ནས་དེ་བཞིན་དུ་སྤྱད་ན་ལེགས་པར་མཐོང་། 
          འདི་ལ་ཁ་ཅིག་གིས། སྔར་བོད་ཡུལ་དུ་བྱུང་པའི་མཁས་པ་རབ་འབྱམས་དང་། པཎྚི་ཏ་ཞུ་བ་དེ་དག་ནི་རིག་པའི་གནས་བཅུ་ལ་བསླབས་པ་མཐར་ཕྱིན་པའི་མཁས་པ་ཡིན་ལ། འདི་ནི་བྱེ་བྲག་གི་ཆེད་ལས་རེ་རྩལ་དུ་བཏོན་ནས་བརྩོན་པའི་མཁས་པ་ཡིན་པས་དེ་གཉིས་གཅིག་ཏུ་འཛིན་པ་མི་འཐད་ཅེ་ན། འདི་ལ་སྐྱོན་མེད་དེ། མིང་གི་ཁྱབ་ཁོངས་དེ་དུས་རབས་ཀྱི་འགྱུར་བ་ལ་རག་ལས་ཡོད་པ་དང་། མིང་དེ་ལྡན་གྱི་གང་ཟག་ཡིན་ན་དེའི་ཡོན་ཚད་དང་ལྡན་པས་ཀྱང་མ་ཁྱབ་པ་སྟེ་རྣམ་པ་གཉིས་ཀྱི་སྒོ་ནས་བཤད་པར་བྱ་སྟེ། དང་པོ་མིང་གི་ཁྱབ་ཁོངས་དེ་དུས་རབས་ཀྱི་འགྱུར་བ་ལ་རག་ལས་ཡོད་པའི་ཚུལ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་《དེབ་དཀར་》དུ། ཡུལ་གྱི་རྒྱ་ཁྱོན་དང་།རྒྱལ་ཁབ་ཀྱིས་མཚམས་བྱ་བ་དེ།དངོས་པོའི་གནས་ཚོད་ལ་རི་མོ་བྲིས་པ་ཞིག་མེད་ཀྱི། འོ་ན་ཅི་ཞེ་ན། རྒྱལ་པོའི་དབང་ཤུགས་ཀྱིས་ཇི་ཙམ་ཁྱབ་པའི་ཕྱོགས་དེ་ཙམ་ཞིག་ལ་ཡུལ་དེའི་ཐ་སྙད་འདོགས་པ་ཡིན། ཞེས་གསུངས་པ་ལྟར་དང་། གཞན་ཡང་ཡུལ་གང་ཞིག་ན་དབང་བསྒྱུར་བྱེད་པའི་དཔོན་པོ་ལ་རྒྱལ་པོ་ཞེས་པའི་ཐ་སྙད་བྱུང་བ་དེ་ཡང་། དུས་རབས་འགྱུར་བའི་དབང་གིས་ཐ་སྙད་ཀྱི་འཇུག་ཡུལ་ཡང་རྒྱ་ཆེ་ཆུང་མ་ངེས་པ་སྣ་ཚོགས་ཞིག་བྱུང་ཡོད་པར་དཔེར་ན། ཆོས་ལྡན་རྒྱལ་རབས་རྣམས་ཀྱི་སྐབས་སུ་བོད་ཁམས་ཡོངས་ལ་དབང་བསྒྱུར་བྱེད་ཅིང་འཛམ་གླིང་སུམ་གཉིས་དབང་དུ་བྱེད་པའི་སྙིང་སྟོབས་དང་ལྡན་པའི་མེས་དབོན་རྣམ་གསུམ་ལྟ་བུ་ལ་རྒྱལ་པོ་ཞེས་འབོད་ཅིང་ཡོད་པ་དང་།  བོད་ཁམས་སིལ་བུར་འཐོར་བའི་རྗེས་སུ་ལུང་ཆུང་རེ་ལ་དཔོན་ཆུང་རེས་བདག་པོ་བྱེད་པའི་སྐབས་སུ་ཡུལ་དེའི་དཔོན་པོ་ལ་རྒྱལ་པོ་ཞེས་འབོད་ཅིང་ཡོད་པ་དེ་གཉིས་དབང་བའི་ཡུལ། སྐྱོང་བའི་འབངས། འབྱོར་པའི་སྟོབས། དཔའ་བའི་དཔུང་། བསྐོར་བའི་འཁོར་ལ་སོགས་པ་དོན་གྱི་ངོས་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་ཀྱང་། སྐབས་དེ་དང་དེའི་འབངས་མི་རྣམས་ཀྱི་ངོར་བརྗོད་དོན་མཚོན་པར་བྱེད་པ་ལ་ཁྱད་མེད་པ་ནི་དུས་རབས་ཀྱི་དབང་གིས་སོ།།                 གཉིས་པ་མིང་དེ་ལྡན་གྱི་གང་ཟག་ཡིན་ན་དེའི་ཡོན་ཚད་དང་ལྡན་པས་མ་ཁྱབ་པ་ནི།  སྤྱིར་བོད་ཀྱི་ཡུལ་འདིར་སྔར་དུས་སུ་མཁས་པ་པཎྚི་ཏ་དང་། རབ་འབྱམས་པ་ཟེར་བ་དེ་དག་གཞུང་དང་རིག་གནས་མང་པོ་ཞིག་ལ་སྦྱོང་པ་སོང་ཟིན་པའི་མཁས་པའི་མིང་ཡིན་ཞིང་རིག་པའི་གནས་ལྔ་ལ་མཁས་པའི་པཎྚི་ཏ་དང་། གནས་བཅུ་ལ་མཁས་པའི་པཎྚི་ཏ་ཞེས་ལོ་རྒྱུས་དེབ་ཐེར་ཁག་ན་གསལ། དུས་དེའི་མཁས་པ་ཕལ་ཆེ་བ་དེ་ལྟར་དུ་ཡོད་པར་མངོན།  འོན་ཀྱང་དུས་དེའི་མཚན་སྙན་ཅན་གྱི་མཁས་པ་ཆེན་པོ་ཡིན་ན་རིག་པའི་གནས་མཐའ་དག་ལ་ཐོགས་པ་མེད་པའི་མཁས་པ་ཡིན་པས་ཀྱང་མ་ཁྱབ་སྟེ། དཔེར་ན་འཆད་རྩོད་ལ་མཁས་པའི་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་པ་འགའ་ཞིག་ཐུན་མོང་སྤྱིའི་རིག་གནས་ལ་ཡི་གེའི་བརྡ་དག་ཙམ་ལའང་སྐུ་ངལ་ཡོད་པ་མ་ཟད།  ཕན་ཚུན་བརྡ་སྦྱོར་ཀྱི་འཕྲིན་ཡིག་ཀྱང་འབྲི་མི་ཤེས་པ་ཡོད་པ་མངོན་སུམ་གྱིས་གྲུབ་པ་དེ་རེད། དེང་དུས་ཀྱང་བོད་ཡིག་ཆེད་གཉེར་གྱིསློབ་གྲྭ་ཆེན་མོའི་ཡོན་ཚད་ཐོབ་པའི་བཀའ་བཅུ་བ་དང་། ཞིབ་འཇུག་སློབ་མ་རབ་འབྱམས་པའི་ཡོན་ཚད་ཐོབ་པ་དེ་རྣམས། སྤྱིར་རྒྱ་བོད་གཉིས་ཀྱི་སྐད་དམ། འགའ་ཞིག་ནི་རྒྱ་བོད་དབྱིན་གསུམ་ལ་སོགས་པའི་སྐད་རིགས་དུ་མ་ལ་ཐོགས་པ་མེད་པ། ཤེས་བྱའི་གནས་སྤྱི་མཁས་པ།   མིག་གིས་འཇིག་རྟེན་གྱི་ཁྱོན་ཡོངས་ལ་བལྟ་ཐུབ་པའི་མཁས་པ་ཡིན་ཀྱང་།   དེ་དག་གི་ཡོན་ཚད་ཐོབ་པའི་མཚན་སྙན་ཅན་ཡིན་ན།  དེ་ལྟ་བུའི་ཡོན་ཏན་དང་ལྡན་པས་མ་ཁྱབ་སྟེ།  བོད་ཡིག་ཆེད་གཉེར་ཀྱི་སློབ་མ་བཀའ་བཅུ་པ་དང་།  རབ་འབྱམས་པའི་མཚན་སྙན་ཡོད་པའི་མཁས་པ་འགའ་ཞིག་གིས་བོད་ཡིག་གི་འཕྲིན་ཡིག་ཙམ་ཡང་འབྲི་མི་ནུས་པ་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་འདི་རེད། དེ་འདྲ་ཡིན་ཙང་ང་ཚོས་འདིར་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་ཐ་སྙད་བེད་སྤྱོད་བྱེད་པ་ལ་འགལ་འཁྲུལ་གྱི་ཉེས་སྐྱོན་གང་ཡང་མེད་དོ།།       
          ༢. སྡེ་ཚན་སོ་སོའི་ཆེད་རམས་པའི་ཐོབ་མིང་བསྒྱུར་སྟངས།  རིག་གཞུང་བྱེ་བྲག་པ་གཅིག་ལ་ལག་ལེན་དང་ཞིབ་འཇུག་མཐར་ཕྱིན་པའི་མཁས་པ་ལ་རྒྱ་སྐད་དུ་ཀྲོན་ཅའ་(专家)ཞེས་ཟེར།དེའང་གསོ་རིག་མཁས་པ་ལ་དབྱིའི་ཞོའེ་ཀྲོན་ཅའ་(医学专家)དང་། རྩིས་རིག་མཁས་པ་ལ་ཧྲུའུ་ཞོའེ་ཀྲོན་ཅའ།(数学专家)རྩོམ་རིག་མཁས་པ་ལ་ཝུན་ཞོའེ་ཀྲོན་ཅའ།(文学专家)ལོ་རྒྱུས་མཁས་པ་ལ་རླི་ཧྲི་ཀྲོན་ཅའ།(历史专家)    སོགས་ལྟ་བུ་རེད། བོད་སྐད་དུ་སྔོན་གྱི་དུས་སུ་ས་སྐྱ་པཎྚི་ཏས། མཁས་གང་ཤེས་བྱའི་གནས་རྣམས་ཀུན།། ཇི་བཞིན་རྟོགས་པར་ཡིན་པར་འདོད།། བྱེ་བྲག་སྦྱངས་བའི་དོན་ཤེས་ན།། དེ་ཡང་དེ་ལ་མཁས་ཞེས་ཟེར།། ཞེས་སོགས་སྤྱིར་གཞུང་ལུགས་ཐམས་ཅད་ལ་མཁས་པའི་མཁས་པ་དང་། བྱེ་བྲག་གཞུང་ལུགས་རེ་རེ་ལ་མཁས་པའི་མཁས་པ་གཉིས་ཀྱི་དབྱེ་བ་དང་ཐོབ་ཐང་བཅས་བསྟན་ཡོད།  ཡོངས་གྲགས་ཀྱི་བརྗོད་སྲོལ་ལའང་སྨན་གཞུང་ལ་མཁས་པ་ལ་སྨན་རམས་པ་དང་། རྩིས་གཞུང་ལ་མཁས་པ་ལ་རྩིས་རམས་པ། སྒྲ་གཞུང་ལ་མཁས་པ་ལ་སྒྲ་རམས་པ་སོགས་ཐུན་མོང་གི་རིག་གནས་རེ་རེ་མཁས་པའི་ཁྱད་ཆོས་ཅན་གྱི་མིང་དང་། ཐུན་མིན་ཆོས་ལུགས་ཀྱི་གཞུང་ཁོ་ན་ལའང་མཁས་པའི་མཚན་ལའང་། སྔར་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུས་སུ་མཚན་ཉིད་ཀྱི་དམ་བཅའ་བཞག་ནས་དགེ་བཤེས་ཀྱི་གོ་གནས་ཐོབ་པ་ལ་ལྷ་རམས་པ་དང་།   ལྷ་ལྡན་ཚོགས་མཆོད་ཀྱི་དབུས་སུ་མཚན་ཉིད་ཀྱི་དམ་བཅའ་བཞག་ནས་དགེ་བཤེས་ཀྱི་གོ་གནས་ཐོབ་པ་ལ་ཚོགས་རམས་པ། གདན་ས་སོ་སོའི་ཚོགས་ཆེན་རྡོ་གཅལ་དུ་མཚན་ཉིད་ཀྱི་དམ་བཅའ་བཞག་ནས་དགེ་བཤེས་ཀྱི་གོ་གནས་ཐོབ་པ་ལ་རྡོ་རམས་པ་ཞེས་གཞུང་དང་རིག་གནས་བྱེ་བྲག་པ་ལ་མཁས་པའི་མཁས་པ་ལ་དེ་ལྟར་དུ་འབོད་སྲོལ་ཆགས་ཡོད་པ་མ་ཟད།  ཡུལ་དྭགས་པོར་སྐྱེས་པའི་མཁས་པའི་མིང་ལ་དྭགས་རམས་པ་དང་།  ཡུལ་གོ་འཇོ་ན་སྐྱེས་པའི་མཁས་པ་ལ་གོ་རམས་པ་ཞེས་ཡུལ་དེ་དང་དེའི་མིང་སྦྱར་ནས་འབོད་སྲོལ་ཀྱང་བྱུང་ཡོད། གཞན་ཡང་སྔགས་རམས་པ་དང་། དྲུང་རམས་པ་ལ་སོགས་པ་བྱེ་བྲག་རིག་གཞུང་གང་ལ་མཁས་ན། རིག་གཞུང་དེའི་མིང་དང་། ཐོགས་པ་མེད་པའི་དོན་གྱི་རབ་འབྱམས་པ་ཞེས་པའི་སྒྲ་བསྡུས་ཏེ་སྦྱར་ནས་བྱེ་བྲག་ལ་མཁས་པའི་མཁས་པ་མཚོན་བྱེད་ཀྱི་མིང་དུ་ཆགས་ཡོད་པ་རེད། འོན་ཀྱང་དེང་གི་དུས་སུ་བསྒྱུར་ཡིག་གི་ནང་དུ་ཐ་སྙད་དེ་དག་ནི་ཧ་ཅང་མཐོང་དཀོན་པོ་ཞིག་ཆགས་ཡོད་པ་མ་ཟད། ཆེད་ལས་ལ་མཁས་པའི་རྒྱ་སྐད་དུ་ཀྲོན་ཅའ་ཞེས་པའི་མིང་དེ།  བོད་སྐད་དུ་བོད་ཡོངས་ཀྱིས་གཅིག་གྱུར་དུ་སྤྱོད་པའི་ཐ་སྙད་འོས་འཚམས་ཤིག་གཏན་འབེབས་མ་བྱས་པར། ས་གནས་སོ་སོའི་ཡིག་བསྒྱུར་མཁན་པོས་གནས་སྐབས་ཁྲལ་སེལ་ལྟ་བུའི་ཐ་སྙད་རེ་བེད་སྤྱོད་བྱས་ནས་། བསྒྱུར་སྟབས། དེང་དུས་ལོང་བས་འཁར་དབྱུགས་འཛུགས་པ་ཇི་བཞིན་གཅིག་གྱུར་གྱི་གཏད་སོའི་ཡུལ་མེད་ཞིག་ཆགས་འདུག  དེས་ན་ཆེད་ལས་གང་ཡང་རུང་བ་ཞིག་ལ་མཁས་པའི་རྒྱ་སྐད་དུ་ཀྲོན་ཅའ་ཞེས་འབོད་པ་དེ། བོད་སྐད་དུ་བསྒྱུར་བའི་ཚེ་སྔར་སྨན་རྩིས་སོགས་རིག་གནས་བྱེ་བྲག་པ་རེར་རྩལ་དུ་བཏོན་ནས་མཁས་པའི་མིང་དུ་སྨན་རམས་པ་དང་། རྩིས་རམས་པ་ཞེས་འབོད་པ་བཞིན་དུ། འདིར་ཡང་སྤྱིར་ཆེད་ལས་སོ་སོར་མཁས་པའི་མིང་དུ་ཆེད་རམས་པ་ཞེས་ན་རྒྱ་སྐད་ཀྱི་ནང་དོན་དང་མི་འགལ་བ་དང་། བོད་སྐད་དུ་བརྗོད་བདེ་ཞིང་གོ་སླ་བ། དོན་གྱི་ངོ་བོ་དང་མི་འགལ་བའི་དགེ་མཚན་དང་ལྡན་པར་མངོན། དེ་བཞིན་དུ་རྐང་བྲོ་ཁོ་ན་ལ་མཁས་པར་རྒྱ་སྐད་དུ་པུའུ་ཏའོ་ཅའ་(舞蹈家)ཞེས་པར་བོད་སྐད་དུ་གར་རམས་པ་དང་།གླུ་དབྱངས་ཁོ་ན་ལ་མཁས་པར་རྒྱ་སྐད་དུ་ཀེ་ཁྲང་ཅའ་(歌唱家)ཞེས་པར་བོད་སྐད་དུ་གླུ་རམས་པ། རྩོམ་རིག་ཁོ་ན་ལ་མཁས་པར་ཝུན་ཞོའེ་ཅའ་(文学家)ཞེས་པར་བོད་སྐད་དུ་རྩོམ་རམས་པ། དམག་དོན་གྱི་ལས་ཁོ་ན་ལ་མཁས་པའི་ཅུན་ཧྲི་ཅའ་(军事家)ཞེས་པར་བོད་སྐད་དུ་དམག་རམས་པ། སློབ་གསོའི་བྱ་གཞག་ཁོ་ན་ལ་མཁས་པའི་ཅའོ་ཡུའི་ཞོའེ་ཅའ་(教育学家)ཞེས་པར་བོད་སྐད་དུ་སློབ་རམས་པ་ཞེས་པ་ལྟ་བུ་ཁྱད་གཞི་དང་ཁྱད་ཆོས་ཀྱི་མིང་དང་འབྲེལ་སྒྲ་བསྡུས་ནས་བརྗོད་པ་དང་། རྒྱ་སྐད་དུ་ཁེའི་ཞོའེ་ཅའ་(科学家)ཞེས་པར་བོད་སྐད་དུ་ཚན་རིག་གི་ཆེད་རམས་པ་དང་ལོ་རྒྱུས་རིག་པ་ཁོ་ན་ལ་མཁས་པའི་རླི་ཧྲི་ཞོའེ་ཅའ་(历史学家)ཞེས་པར་བོད་སྐད་དུ་ལོ་རྒྱུས་རིག་པའི་ཆེད་རམས་པ། གནའ་རྫས་དཔྱད་ཞིབ་ལ་མཁས་པའི་ཁའོ་ཀུའུ་ཞོའེ་ཅའ་(考古学家)ཞེས་པར་བོད་སྐད་དུ་གནའ་རྫས་རིག་པའི་ཆེད་རམས་པ། དངོས་གཙོ་དང་སེམས་གཙོ་ལ་སོགས་པའི་མཚན་ཉིད་རིག་པའི་གཞུང་དག་ལ་མཁས་པའི་ཀྲེའེ་ཞོའེ་ཅའ་(哲学家)ཞེས་པར་བོད་སྐད་དུ་མཚན་ཉིད་རིག་པའི་ཆེད་རམས་པ་ཞེས་པ་ལ་སོགས་པ་ཁྱད་གཞི་དང་ཁྱད་ཆོས་ཀྱི་མིང་དང་འབྲེལ་སྒྲ་མ་བསྡུས་ནས་བརྗོད་དགོས་པའི་རིགས་གཉིས་སུ་ཕྱེས་ཏེ།  དེ་བཞིན་དུ་སྡེ་ཁག་སོ་སོའི་རིག་གནས་པ་རྣམས་ཀྱི་མིང་ལ་རིགས་འགྲེས་ནས་བསྒྱུར་བ་ན། ཡིག་བསྒྱུར་ལས་ཀའི་ནང་གི་དཀའ་གནད་མང་པོ་ཞིག་བསལ་ཐུབ་པར་སྣང་།    
          ༣. ལས་ཐོབ་ཀྱི་མིང་སོ་སོ་བསྒྱུར་སྟངས། དེང་དུས་མི་སོ་སོའི་ཤེས་རིག་དང་། ཉམས་མྱོང་།ཐབས་ཤེས་བཅས་ཕྱོགས་ཡོངས་ཀྱི་སྒོ་ནས་ལས་ཀའི་འཇོན་ཐང་གི་ཚད་གཞི་དང་བསྟུན་པའི་ཐོབ་ཐང་རེ་སྤྲོད་ཀྱི་ཡོད་པ་དེ་ལ་རྒྱ་སྐད་དུ་སྒྲེ་ཁྲེང་(职称)ཟེར་ཞིང་། བོད་སྐད་དུ་བསྒྱུར་བའི་ཚེ་རྒྱ་བོད་ཚིག་མཛོད་ཆེན་མོ་གསར་པའི་ནང་དུ་ལས་ཀའི་ཐོབ་ཐང་ཞེས་བསྒྱུར་འདུག་པར་རྒྱ་སྐད་ཀྱི་དོན་དང་མཐུན་པོར་བྱུང་འདུག་ལ།དེའི་དོན་བསྡུས་ནས་ལས་ཐོབ་ཞེས་བརྗོད་ན་དེ་བས་ཀྱང་བརྗོད་བདེ་ཞིང་དོན་ཡང་མཚོན་ནུས་པ་ཞིག་འདུག་ལས་ཐོབ་ལ་རིགས་ཀྱི་དབྱེ་བ་དེ་མདོར་བསྡུས་ན་ཚན་རིག་ཞིབ་འཇུག་གི་ལས་ཀ་བ་དང་། སློབ་གསོའི་ལས་ཀ་བ་སྟེ་རྣམ་པ་གཉིས་སུ་འདུས་ཤིང་།  འདིར་སྐབས་སུ་བབས་པའི་བརྗོད་བྱ་གཙོ་བོར་སློབ་གསོའི་སྡེ་ཚན་གྱི་ལས་ཐོབ་ཀྱི་མིང་གི་དབྱེ་བ་དེ་དག་བོད་སྐད་དུ་བསྒྱུར་སྟངས་གཙོར་བཟུང་ནས་བཤད་པ་ལ། དེའང་རྒྱ་སྐད་དུ་ཅའོ་ཧྲའུ།(教授)ཅང་ཧྲིའི།(讲师)ཀྲུུའུ་ཅའོ(助教)ཞེས་པ་འདི་དག་བོད་སྐད་དུ་བསྒྱུར་སྐབས་ཕལ་ཆེ་བ་རྒྱ་སྐད་ཀྱི་སྒྲ་རང་སོར་བཞག་ནས་གཡར་མིང་བེད་སྤྱོད་བྱེད་པ་ལས། བོད་སྐད་ཀྱི་མིང་བེད་སྤྱོད་མི་བྱེད་པ་རེད། གོང་དུ་བཤད་པ་ལྟར། བོད་རིགས་ནི་གནའ་དུས་སུ་རིག་གནས་དར་རྒྱས་ཆེ་བའི་མི་རིགས་ཞིག་ཡིན་སྟབས། ཆོས་དང་རིག་གནས་སྐོར་གྱི་མིང་བརྡ་ཐ་སྙད་ཆེས་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་རེད། སྔར་བོད་ཀྱི་སློབ་གྲྭ་ནི་དགོན་པའི་ཁོངས་སུ་ཡོད་ཅིང་། དེའི་ནང་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་རིམ་པ་སོ་སོའི་རྣམ་གཞག་བྱས་ཡོད་ལ། རིམ་པ་མཐོ་ཤོས་ཀྱི་སློབ་གྲྭའི་ནང་དུའང་བཟོ། གསོ། སྒྲ་ཚད་ལ་སོགས་པ་གཙོ་བོར་སློབ་པར་རིག་གནས་སློབ་གྲྭ་དང་། དབུ། ཕར།  འདུལ། མཛོད་ལ་སོགས་པ་གཙོ་བོར་སློབ་པར་གཞུང་ལུགས་སློབ་གྲྭ་ཞེས་དབྱེ་བ་ཡོད་པ་དང་།  དེ་དག་གི་ནང་དུ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ལའང་སོ་སོའི་བབ་ཐོབ་དང་བསྟུན་པའི་སློབ་དཔོན་དང་། མཁན་པོ། སྐྱོར་དཔོན་ལ་སོགས་པའི་ལས་ཐོབ་ཀྱི་མིང་གི་དབྱེ་བ་ཡོད་པ་འདི་དག་ནི།   དེང་དུས་རྒྱ་སྐད་དུ་ཅའོ་ཧྲའུ་ལ་སོགས་པའི་དགེ་རྒན་གྱི་ཐོབ་མིང་དང་སྦྱར་ན་དོན་གཅིག་པ་ལུང་རིགས་གཉིས་ཀྱི་གཏན་ཚིགས་ཀྱིས་གྲུབ་སྟེ། དེ་ཡང་ལུང་གི་གཏན་ཚིགས་ནི། བོད་ཀྱི་མཁན་ཆེན་བླ་མ་ཤེས་རབ་རྒྱ་མཚོ་དང་། རྒྱ་གར་ཀྱི་སྒྲ་བསྒྱུར་བ་ཤྲི་ཤརཏ་ཙནདྲ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་སཾ་དབྱིན་གསུམ་ཤན་སྦྱར་གྱི་ཚིག་མཛོད《ཚིག་གི་གཏེར་མཛོད་》ཞེས་པ། རབ་བྱུང་བཅོ་ལྔ་བའི་ཆུ་སྟག(སྤྱི་ལོ༡༩༠༢)ལོརརྒྱ་གརྭ་གཞུང་གི་གདན་ས)་ཆེན་པོ་ཀ་ལི་ཀ་ཏ་རུ་པར་བཏབ་པ། དེའི་ནང་དུ་སློབ་དཔོན་ཞེས་པ་དབྱིན་ཇིའི་སྐད་དུ་ཕུརོ་ཧྥིར་སི(Professor)ཞེས་བསྒྱུར་ཅིང་འགྲེལ་བཤད་དུ་མཐོ་རིམ་སློབ་གྲྭའི་ལས་ཐོབ་ཀྱི་མིང་ཞིག་ཡིན་ཞེས་བྲིས་འདུག(co11egetit1e= professor)དེ་བཞིན་དུ་སྤྱི་ལོ་༡༩༧༨ལོར་བལ་ཡུལ་ཀ་ཌ་མན་དྲུ་རུ་པར་བཏབ་པའི་དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་《དེང་དུས་དང་མཐུན་པའི་ཕལ་སྐད་ཀྱི་བོད་དབྱིན་ཤན་སྦྱར་ཞེས་བྱ་བ་བཞུགས་སོ་》ཞེས་པ་དེའི་ནང་དུའང་། སློབ་དཔོན་ལ་ཕུརོ་ཧྥིར་སི་ཞེས་བསྒྱུར་ཡོད་པ་མ་ཟད དེ་ལ་ཡང་སློབ་དཔོན་རྒན་པ་ཞེས་པ་དང། སློབ་དཔོན་ཆེན་མོ་ཞེས་པ་གཉིས་ཀ་ལ་ཧྥུའུ་འོ་ཕུའོ་ཧྥིར་སི(Full  professor))ཞེས་བསྒྱུར་ཡོད་པ་དང་། སློབ་དཔོན་གཞོན་པ་ཞེས་པ་ལྗུའུ་ནིར་ཕུརོ་ཧྥིར་སི་ (Junior professor )ཞེས་བསྒྱུར་ཅིང་། སློབ་དཔོན་ཞེས་པར་རྣམ་པ་ཀུན་ཏུ་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་ལས་ཚན་ཞིག་ཡིན་པར་ངོས་འཛིན་བྱས་ཡོད།
          དབྱིན་ཇིའི་སྐད་དུ་ཕུརོ་ཧྥིར་སི་ཞེས་པ་དེ་རྒྱ་སྐད་དུ་བསྒྱུར་བའི་སྐབས་སུ་ཅའོ་ཧྲའུ(教 授)ཞེས་བསྒྱུར་ཡོད་པ་ནི་དབྱིན་རྒྱ་ཤན་སྦྱར་གྱི་ཚིག་མཛོད་ཐམས་ཅད་ན་གསལ། འདིར་རྒྱ་སྐད་དུ་སྒྲ་ཐད་བསྒྱུར་གྱི་གོ་བར་སློབ་ཞེས་པ་རྒྱ་ཡིག་གི་ཅའོ་(教)དང་འབྲུ་དོན་གཅིག་ལ། དེ་ཡང་སློབ་གསོ་བྱེད། སློབ་ཁྲིད་བྱེད་ལྟ་བུ་གཞན་ལ་འདོགས་པ་དང་འཆད་པའི་དོན་ཡིན། དཔོན་ཞེས་པ་ཚོགས་ཀྱི་དབུས་ན་ཆེ་བའམ། མཐོ་བའི་དོན་ཏེ་སློབ་གསོ་དང་སློབ་ཁྲིད་བྱེ་པོ་རྣམས་ཀྱི་ནང་ནས་རིམ་པ་མཐོ་ཤོས་ཀྱི་ཡིན་པའི་ཕྱིར། དེས་ན་སློབ་དཔོན་ཞེས་པ་ནི་རྣམ་པ་ཀུན་ཏུ་རྒྱ་ཡིག་གི་ཅའོ་ཧྲུའུ་ཞེས་པ་དང་དོན་གཅིག་ཏུ་སྣང་། འདི་ལ་ཁ་ཅིག་གིས་སློབ་དཔོན་ནི་བོད་ཀྱི་བླ་མའི་མཚན་གནས་མཚོན་བྱེད་ཀྱི་མིང་ཡིན་པས། དེང་དུས་དགེ་རྒན་གྱི་ལ་ས་ཐོབ་མཚོན་བྱེད་དུ་སྤྱོད་མི་འོས་ཤེ་ན། སྤྱིར་འཇིག་རྟེན་འདིར་དུས་རབས་གང་འདྲ་ཞིག་ཡིན་ཡང་། རང་ཉིད་ཡོན་ཏན་ཅན་ཞིག་ཡོང་རྒྱུའི་རེ་བས་སྦྱོང་པ་སློབ་གཉེར་བྱེད་པའི་དམིགས་ཡུལ་དང་པོ་དེ་རང་གི་ལྟོ་རྒྱབ་དང་མདུན་ལམ་གྱི་ཆེད་དུ་ཡིན་པ་སྨོས་མ་དགོས་པ་རེད། དོན་འདི་རིགས་ལ་དགོངས་ནས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན།། ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན།། ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།། ཝ་ལེར་བསམ་ན་ཐམས་ཅད་ནོར་གྱི་དོན།། ཞེས་གསུངས་པ་ནི་དོན་ལ་གནས་པ་སྟེ། དཔེར་ན། དེང་དུས་སྦྱོང་པ་སློབ་གཉེར་བྱེད་མཁན་གྱི་ཐོག་མའི་དམིགས་ཡུལ་དང་། མཐར་ཐུག་གི་མདུན་ལམ་དེ་ལས་བྱེད་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡིན་སྟབས། ཡོན་ཏན་ཅན་གྱི་མི་ཡིན་ན་ཕལ་ཆེར་ལས་བྱེད་པ་ཞིག་ཡིན་པར་ཆགས་ཡོད་པ་འདི་བཞིན་དུ། སྐབས་དེའི་དུས་སྦྱོང་པ་དང་སློབ་གཉེར་བྱེད་མཁན་གྱི་མདུན་ལམ་དེ་གྲྭ་པ་དང་བླ་མ་ཁོ་ན་ལས་མེད་སྟབས། གཞན་ལ་སློབ་ཁྲིད་བྱེད་པའི་ཡོན་ཏན་ཅན་གྱི་མི་ཡིན་ན་བླ་མ་དང་གྲྭ་པ་ཡིན་པས་ཁྱབ་པ་ལྟ་བུ་ཞིག་བྱུང་ཡོད་ཀྱང་། འདི་ནི་དུས་རབས་མི་འདྲ་བའི་ནང་དུ་སྤྱི་ཚོགས་ཀྱི་མདུན་ལམ་མི་འདྲ་བའི་དབང་གིས་བྱས་པ་ལས། སློབ་དཔོན་ཡིན་ན་བླ་མ་ཡིན་དགོས་པའི་ཁྱབ་པ་མེད་དེ། སློབ་དཔོན་ཞེས་པ་ནི་སློབ་གསོའི་ལས་ཀ་བྱེད་མཁན་གྱི་ལས་ཐོབ་མཐོ་ཤོས་མཚོན་བྱེད་ཀྱི་མིང་ཡིན་པ་གོང་དུ་བཤད་པ་ལྟར་དང་། རང་གི་ལུས་རྟེན་སྐྱེད་པའི་མི་ལ་ཕ་མ་དང་། ཡོན་ཏན་སློབ་པའི་མི་ལ་སློབ་དཔོན་ཞེས་བོད་མི་ཡོངས་ཀྱི་ཁ་ན་གནས་པ་ཞིག་སྟེ། རང་ལ་བཀའ་དྲིན་ཆེ་བའི་ཕ་མ་དང་། སློབ་དཔོན་ཞེས་དེ་གཉིས་བཀའ་དྲིན་མཉམ་པར་མཚོན་པའི་ཕྱིར་དུ་ལྷན་ཅིག་ཏུ་འབོད་སྲོལ་བྱུང་ཡོད་པ་འདི་རེད། དེས་ན་སྤྱི་ཚོགས་ཀྱི་དུས་རབས་ལ་འགྱུར་ལྡོག་གང་འདྲ་ཞིག་བྱུང་ཡང་། རང་གི་ལུས་རྟེན་སྐྱེད་པའི་མི་དེ་ཕ་མ་དང་། ཡོན་ཏན་སློབ་པའི་མི་དེ་སློབ་དཔོན་ཞེས་པའི་དོན་ལ་འགྱུར་བ་གང་ཡང་མེད་པས་། དེ་གཉིས་ཀྱི་ཐད་སྙད་ལའང་འགྱུར་བ་ཡོང་དགོས་པའི་དོན་མི་འདུག་སྙམ། དེ་བཞིན་དུ་སྔར་བོད་ཀྱི་སློབ་ཁྲིད་བྱེད་སྲོལ་ལ་སློབ་དཔོན་ནམ་དགེ་རྒན་ཆེ་བས་སློབ་ཁྲིད་བྱས་ཟིན་པའི་རྗེས་སུ། སླར་ཡང་དགེ་རྒན་ཆུང་བ་ཞིག་གིས་བསྐྱར་དུ་སློབ་ཁྲིད་བྱེད་ཅིང་ཡོད་པ་དེའི་མིང་ལ་སྐྱོར་དཔོན་ཟེར། དེ་ནི་དེང་དུས་རྒྱ་སྐད་དུ་ཀྲུའུ་ཅའོ་ཞེས་པ་དང་ཡི་གེའི་འབྲུ་དོན་དང་། ལས་ཀའི་ངོ་བོ་གཉིས་ཀ་གཅིག་མཐུན་བྱུང་འདུག ཐ་སྙད་དེ་དག་དང་རིགས་འགྲེས་ནས་རྒྱ་སྐད་དུ་ཅང་ཧྲིའི་ཞེས་པ་དེ། བོད་སྐད་དུ་བསྒྱུར་བའི་ཚེ་འཆད་དཔོན་དུ་བསྒྱུར་ན་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀའི་འབྲུ་དོན་དང་མཚུངས་ལ། བོད་སྐད་དུའང་སློབ་དཔོན། འཆད་དཔོན། སྐྱོར་དཔོན་ཞེས་སྡེ་ཚན་གཅིག་ཏུ་བརྗོད་བདེ་བའི་དགེ་མཚན་དང་ལྡན་ཞིང་། འཆད་དཔོན་དགེ་རྒན་དང་། སྐྱོར་དཔོན་དགེ་རྒན་ཞེས་འབོད་ན་དགེ་རྒན་ཡིན་པ་མཚོན་མི་ནུས་པའི་སྐྱོན་ཡང་མེད་དོ།། དེས་ན་རྒྱ་སྐད་དུ་ཅའོ་ཧྲའུ་(教授)ཞེས་པ་དེ། བོད་སྐད་དུ་སློབ་དཔོན་དང་། ཀྲེང་ཅའོ་ཧྲའུ་(正教授)ལ་སློབ་དཔོན་ཆེན་མོ་དང་། ཧྥུའུ་ཅའོ་ཧྲའུ་(副教授)ལ་སློབ་དཔོན་གཞོན་པ། ཅང་ཧྲའི་(讲师)ལ་འཆད་དཔོན། ཀྲུའུ་ཅའོ་(助教)ལ་སྐྱོར་དཔོན་ཞེས་བསྒྱུར་ན་ལེགས་སྙམ།          གསུམ། གསར་ཐོན་བྱ་དངོས་ལ་ཐ་སྙད་གསར་དུ་འདོགས་དགོས་པ།
          སྔར་གྱི་མཁས་པ་རྣམས་ཀྱིས་སུམ་རྟགས་དག་གསུམ་ལ་སོགས་པའི་བརྡ་སྤྲོད་རིག་པའི་གཞུང་ཐམས་ཅད་ཀྱི་དབུ་ན་དྲང་པའི་ལུང་དུ། མིང་དུ་བཏགས་པར་མ་མཛད་ན།། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།། དེ་བས་རྨོངས་པ་བསལ་བའི་ཕྱིར།། མགོན་པོས་མིང་དུ་གདགས་པར་མཛད།། ཅེས་གསུངས་པ་ལྟར། དེང་དུས་འཇིག་རྟེན་འདིར་རྒྱལ་ཁབ་ཕྱི་ནང་ཐམས་ཅད་ཀྱི་ཚན་རིག་ལག་རྩལ་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་དབང་གིས་ཉིན་རེ་བཞིན་བྱ་བ་གསར་པ་དང་། གནས་ཚུལ་གསར་པ། ཐོན་རྫས་གསར་པ་སོགས་གསར་ཐོན་ཀྱི་བྱ་དངོས་མང་པོ་ཞིག་བྱུང་དང་འབྱུང་མུས་འདི་དག་ལ།   མི་རིགས་སོ་སོས་རང་རང་གི་ཡུལ་སྐད་དང་མཐུན་པའི་ཐ་སྙད་རེ་གསར་དུ་བཏགས་ནས་མཚོན་པར་བྱེད་ཀྱི་ཡོད་ཀྱང་། རང་རེ་བོད་ཀྱི་སྐད་དུ་གསར་ཐོན་གྱི་བྱ་དངོས་དེ་དག་ལ་ཐ་སྙད་གསར་དུ་འདོགས་མ་ཐུབ་པར་བརྟེན་སློབ་ཁྲིད་དང་ཡིག་བསྒྱུར་སོགས་ཀྱི་ཐད་དཀའ་ངལ་ཡང་ཡང་འཕྲད་བཞིན་ཡོད།  དེས་ན་ང་ཚོས་ཡིག་བསྒྱུར་གྱི་ལས་ཀའི་ནང་དུ་སྔར་གྱི་བསྟན་བཅོས་ཁག་ཏུ་ཡོད་པའི་ཐ་སྙད་རྣམས་འོས་ཚམས་ཀྱིས་བེད་སྤྱོད་བྱེད་གང་ཐུབ་དང་། བོད་སྐད་དུ་རྩ་བ་ནས་མེད་པའི་ཐ་སྙད་རྣམས་བསྒྱུར་བྱའི་མ་ཡིག་གི་མིང་དོན་དང་བསྟུན་ནས་བསྒྱུར་འོས་རྣམས་དེ་བཞིན་དུ་བསྒྱུར་ནས་བོད་སྐད་ཀྱི་མིང་གསར་པ་བཟོ་བ་དང་། དེ་བཞིན་དུ་བསྒྱུར་ན་བརྗོད་མི་བདེ་ཞིང་དོན་འཁྲུལ་བ་ཡོད་རིགས་ལ་དངོས་པོ་དེའི་ངོ་བོ་དང་། བྱེད་ལས། དབྱིབས། ཁ་དོག་སོགས་ལ་བརྟེན་ནས་མིང་གསར་དུ་བཏགས་ན་ལེགས་ཤིང་།      དེ་ཡང་ས་གནས་ཁག་སོ་སོའི་མཁས་པ་རྣམས་ལ་བཀའ་འདྲི་ཡང་ཡང་ཞུས་ནས་གཏན་ལ་ཕབས་རྗེས་ཚགས་པར་དང་། བཪྙན་འཕྲིན་རྒྱང་བསྒྲགས་སོགས་བརྒྱུད་ནས་དྲིལ་བསྒྲགས་བྱེད་ཅིང་ལྗོངས་དང་ཞིང་ཆེན་ལྔའི་ཁོངས་སུ་ཡོད་པའི་བོད་མི་ཡོངས་ཀྱིས་གཅིག་མཐུན་གྱིས་བེད་སྤྱོད་བྱེད་ཐུཔ་པ་ཞིག་ཡོང་བ་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། དཔེར་ན་རྒྱ་སྐད་དུ་ཁེའེ་ཞོའེ(科学)ཞེས་པ་དེ། བོད་སྐད་དུ་ཚན་རིག་ཅེས་བརྗོད་བྱའི་ནང་དོན་ལ་རྟེན་ནས་ཐ་སྙད་གསར་དུ་བཟོས་པ་དེ་བརྗོད་བདེ་ཞིང་གོ་སླ་བ་ཞིག་ཡིན་པ་མ་ཟད།  བོད་ཡོངས་ཀྱི་སྤྱིར་སྐད་དུ་ཆགས་ཡོད་སྟབས་དེང་དུས་ཡིག་བསྒྱུར་གྱི་ལས་ཀའི་ནང་དུ་ཕན་ཐོགས་ཆེན་པོ་ལྡན་ཡོད་པ་རེད། དེ་བཞིན་དུ་ཉེ་དུས་པའོ་ཞན་(保险)ཞེས་པའི་ཐ་སྙད་དེ་སྤྱོད་སྒོ་མང་པོ་ཞིག་ཆགས་ཡོད་སྟབས། ཡིག་ཆ་མང་པོ་ཞིག་བསྒྱུར་སྐབས་ཐ་སྙད་དེར་འཕྲད་ཀྱི་ཡོད་ཀྱང་། འཇུག་ཡུལ་མི་འདྲ་བའི་ཚིག་གྲོགས་རྣམས་དང་སྦྱར་ཚེ་གོ་བ་གཅིག་གྱུར་ཡོང་བའི་རྒྱ་སྐད་ཀྱི་ཐ་སྙད་ནང་བཞིན་མ་ཪྙེད་ནས། ལུང་པ་སོ་སོས་བསྒྱུར་སྟངས་མི་འདྲ་བ་རེ་བྱས་ནས་གོ་བརྡ་འཕྲོད་དཀའ་བ་ཞིག་བྱུང་པའི་དུས་སུ། བསྟན་པ་རྒྱལ་མཚན་ལགས་ཀྱི་རིག་པ་བརྒྱ་ཕྲག་གིས་དཔྱད་ནས་འདི་ལ་བརྟན་སྩོལ་ཞེས་བསྒྱུར་ན་འཐད་ཚུལ་གསུངས་འདུག་པ་ཧ་ཅང་ལེགས་སྙམ། (《བརྟན་སྩོལ་རིག་པའི་མིང་འགའི་སྒྱུར་ཚུལ་སྐོར་ཆེ་ལོང་ཙམ་གླེང་བ་》《བོད་ལྗོངས་ཞིབ་འཇུག་》སྤྱི་ལོ༡༩༩༢ལོའི་དུས་དེབ་དང་པོའི་ནང་གསལ།)  དེས་ན་བོད་ཀྱི་སྐད་ཡིག་དང་ཡིག་བསྒྱུར་ལས་དོན་པ་རྣམས་ཀྱིས་མིག་སྔའི་བྱ་དངོས་གསར་པ་རྣམས་ལ་འོས་འཚམས་ཀྱི་ཐ་སྙད་འདོགས་གལ་ཆེ་ཞིང་། འོན་ཀྱང་ཐ་སྙད་གསར་འདོགས་བྱེད་སྐབས་བོད་ཀྱི་ཡུལ་སྲོལ་དང་བསྟུན་པ་དང་བརྡ་སྤྲོད་རིག་པ་དང་མི་འགལ་བའི་ཐ་སྙད་བཟོ་དགོས་པ་ལས་ས་ཁུལ་རེ་གཉིས་ཀྱི་ཡུལ་སྐད་ལ་གཞིར་བཟུང་ནས་བོད་ཀྱི་བརྡ་སྤྲོད་རིག་པ་དང་འགལ་བའི་མིང་བརྡ་གསར་བཟོ་བྱེད་རིགས་ནི་སྲིད་ན་ཁྱད་དུ་འཕགས་པའི་བོད་ཀྱི་རིག་གཞུང་འདིདག་ལ་གཏོར་བཤིག་གི་ནུས་པ་ཐོན་ཉེན་ཆེ་བ་ཞིག་ཡིན། བོད་ཀྱི་སྐད་དང་རིག་གཞུང་ཚན་རིག་དང་མཐུན་པའི་སྒོ་ནས་ཡར་རྒྱས་གཏོང་བར་དེང་དུས་ཡིག་སྐད་དམ་བསྟན་བཅོས་ཀྱི་སྐད་འདི་ཉིད་བོད་མི་རྣམས་ཀྱི་རྒྱུན་སྤྱོད་ཀྱི་ཁ་སྐད་དུ་བསྒྱུར་རྒྱུ་དེ་ཁྱབ་གདལ་གཏོང་ཅི་ཐུབ་དང་། སྐད་ཀྱི་གདངས་ཀྱང་དབུས་སྐད་ལ་སོགས་པ་ཁྱབ་གང་ཆེ་ཞིག་གཞིར་བཟུང་ནས་གཅིག་གྱུར་བྱེད་ཐུབ་པ་ཞིག་བྱུང་ན་ད་གཟོད་བོད་ཀྱི་སྐད་དང་རིགས་གཞུང་ལ་སྔར་མེད་པའི་ཡར་རྒྱས་ཞིག་ཡོང་ཐུབ་རྒྱུ་རེད། འདིར་སྐད་ཀྱི་གདངས་དབུས་སྐད་ལ་གཞིར་བཟུང་ཟེར་བ་དེའང་མིང་དང་ཚིག་རྣམས་བསྟན་བཅོས་ཀྱི་སྐད་དུ་བྲིས་ཏེ་ཀློག་པའི་ཚེ་སྒྲ་གདངས་ལྕི་ཡང་གི་འདོན་སྟངས་དེ་དབུས་སྐད་ལྟར་ཁྱབ་ཆེ་བ་ཞིག་ལ་གཞི་བཟུང་དགོས་པའི་དོན་ཡིན་པ་ལས། མིང་བརྡ་ཐ་སྙད་ཐམས་ཅད་ཡ་བཏགས་དང་། ར་བཏགས་དོར་བའི་ལྷ་སའི་གྲོང་སྐད་ཀྱི་སྒྲ་གདངས་ལྟར་འབྲི་ཀློག་དགོས་པའི་དོན་མིན།           དེང་དུས་རང་རྒྱལ་དུ་འཕེལ་རྒྱས་འགྲོ་བཞིན་པའི་འགྲོ་བ་མིའི་རིགས་ཀྱི་སྐྱེ་གནས་འཇིག་གསུམ་དང་། དབྱིབས་དང་ཁ་དོག་གི་ཁྱད་པར། འཚོ་བའི་འགྱུར་ལྡོག་རིག་གནས་འཕེལ་རྒྱས་ཡོང་ཚུལ་བཅས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་པའི་རིག་པ་རྒྱ་སྐད་དུ་ཝུན་ཧྭ་རེན་རླས་ཞོའེ་ཞེས་པ་དེ་བོད་ཡིག་ཏུ་འོས་འཚམས་ཞིག་བསྒྱུར་འདུག་པ་ད་ཕན་མ་མཐོང་། རེན་རླིས་ཞོའེ་ཟེར་བ་ལ་འགའ་ཞིག་གིས་མི་ཡི་རིགས་ཀྱི་རིག་པ་ཞེས་བསྒྱུར་འདུག་པ་དེ་དོན་དང་འབྱོར་ཡང་ཅུང་ཟད་བརྗོད་མི་བདེ་བར་མཐོང་། དེས་ན་འགྲོ་བ་མི་ལུས་རིག་པའམ། ཡང་ན་མི་ལུས་རིག་པ་ཞེས་བསྒྱུར་ན་བརྗོད་བདེ་ཞིང་དོན་དང་འབྱོར་པས་ལེགས། འདི་ལ་འགའ་ཞིག་གིས་མི་ལུས་རིག་པ་ཞེས་པ་མིའི་ལུས་ཁམས་ལ་ཞིབ་འཇུག་བྱེད་པའི་རིག་པ་སྟེ་གསོ་བ་རིག་པ་ལ་གོ་བ་མིན་ནམ་ཞེ་ན། བོད་ཀྱི་སྐད་ཡིག་དང་ཡུལ་ཁམས་ལ་ཞིབ་འཇུག་བྱེད་པའི་རིག་པ་སྟེ་གསོ་བ་རིག་པ་ལ་གོ་བ་མིན་ནམ་ཞེ་ན། བོད་ཀྱི་སྐད་ཡིག་དང་ཡུལ་དང་ཡུལ་སྲོལ་ལ་གོམས་འདྲིས་མཐར་ཕྱིན་པའི་བློ་ལྡན་སུ་ལའང་དེ་ལྟ་བུའི་དོགས་པ་སྐྱེ་མི་སྲིད་དེ། མི་ལུས་ཞེས་པའི་ཐ་སྙད་དེ་རྒྱ་སྐད་རེན་རླིས་(人类)ཟེར་བའི་དོན་ཡིན་པ་ནི། བོད་མི་རྒན་གཞོན་ཡོངས་ཀྱི་ཁ་ན་གནས་པའི་འགྲོ་བ་རིགས་དྲུག་གམ་རིགས་མི་འདྲ་བའི་སེམས་ཅན་གྱི་སྐྱེ་བ་ལེན་ཚུལ་བཤད་པའི་སྐབས། མི་ལུས་ལེན། ལྷ་ལུས་ལེན། དུད་འགྲོའི་ལུས་ལེན་ཞེས་པ་ལྟ་བུ་དང་། ཡང་ན་མི་ལུས་དང་། བྱ་ལུས་ཞེས་པ་ལྟ་བུ་རིགས་བརྗོད་པའི་སྒྲ་སྟེ་རྒྱ་སྐད་དུ་རེན་རླིས་(人类)དང་། ནེའོ་རླིས་(鸟类)ཟེར་བ་དང་དོན་གཅིག་པའི་ཕྱིར། འདིར་རེན་རླིས་ཞོའེ་(人类学)ཞེས་པ། མི་ལུས་རིག་པ་དང་། ཝུན་ཧྭ་རེན་རླིས་ཞོའེ་(文化人类学)ཞེས་པར་ཕྱི་རྒྱལ་གྱི་དབྱེ་ཚུལ་ལྟར་མི་ལུས་རིག་པའི་ཤེས་རིག་དང་། མི་ལུས་རིག་པ་ཞེས་ཐད་དད་དུ་བསྒྱུར་ན་ལེགས་སྙམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1