དུས་སྐབས་གསར་པའི་ཡིག་སྒྱུར་ལས་དོན་སྐོར་ལ་དབྱེ་ཞིབ་ཅུང་ཟད་བྱས་པ།

ཕན་ཐོགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


སྔོན་ཆད་བོད་ལ་ལོ་ཙཱ་བས་འཇིག་རྟེན་སྐྱེ་འགྲོ་ཀུན་ཧ་ལས་ཧང་སངས་དགོས་པའི་སངས་རྒྱས་ཀྱི་གསུང་རབ་དང་བཅས་པའི་རིག་པའི་གནས་མང་པོ་ཞིག་བོད་སྐད་ཡིག་ཏུ་བསྒྱུར་ཡོད་ལ། དེང་གི་ཆར་ཡང་འཛམ་གླིང་གི་སྔོན་ཐོན་རིག་གནས་མང་པོ་ཞིག་དང་། ཚན་རིག་ལག་རྩལ་གྱི་ཤེས་བྱ་བགྲང་གིས་མི་ལང་བ་བོད་སྐད་ཡིག་གི་ལམ་ནས་ཀློག་པ་པོའི་སྤྱན་ལམ་དུ་བསྟར་དང་བསྟར་མུས་ཡིན། དེར་བརྟེན་ཡིག་སྒྱུར་གྱི་ལས་ཀ་དེ་བོད་ཀྱི་ཤེས་རིག་གོང་དུ་སྤེལ་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པ་ཟུར་བལྟས་ལེབ་མཐོང་དུ་གྱུར་ཡོད། ད་འོ་ན། གལ་འགངས་ཤིན་ཏུ་ཆེ་བའི་ཡིག་སྒྱུར་བྱ་བ་དེ་ཇི་ལྟར་བྱས་ནས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས་སམ་ཞེ་ན། གུས་མོའི་བསམ་པར་ཡིག་སྒྱུར་ལས་དོན་ལ་ཤུགས་སྣོན་དང་སྒྱུར་རྩལ་ལེགས་སུ་གཏོང་པར་སེམས། གཤམ་ལ་རང་ཉིད་ཀྱི་བསམ་ཚུལ་ཅུང་ཟད་གླེང་བར་བྱའོ།

གཅིག ཡིག་སྒྱུར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་ཐབས།

བོད་དུ་ལོ་ཙཱ་བས་ཡིག་སྒྱུར་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ། རྩོམ་རིག་སོགས་ཕྱོགས་མང་པོར་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བའི་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་མོད། འོན་ཀྱང་། མིག་སྔར་ལོ་ཙཱ་བ་འགའ་རེ་ལོ་ཙཱའི་ལམ་དུ་ཞུགས་མ་ཐག་ཡིན་པས་ལོ་ཙཱའི་ཉམས་མྱོང་དེ་ཙམ་མེད་པའི་དབང་གིས་མ་ཡིག་གི་བསྟན་དོན་ཇི་བཞིན་མཚོན་མི་ཐུབ་པ་དང་། མ་ཡིག་ལ་བསྟུན་དྲགས་པའི་རྐྱེན་གྱིས་བཙན་སྒྱུར་གྱི་དབང་དུ་སོང་བ་སོགས་འགྱུར་སྐྱོན་འགའ་བྱུང་དང་འབྱུང་བཞིན་ཡོད། དེས་ན་གནད་དོན་དེ་རིགས་ཇི་ལྟར་བྱས་ནས་ཐག་གཅོད་དགོས་སམ་ཞེ་ན། དེ་ཡང་གཅིག་ནས་ལོ་ཙཱའི་བྱ་བ་སྒྲུབ་བཞིན་པའི་ཚན་པ་ཚང་མས་ལོ་ཙཱའི་གནས་བབ་ལ་སྔར་ལས་མཐོང་ཆེན་གྱིས་འཆར་གཞི་བཟོ་བ་དང་ཁོམ་པ་བཙལ་ནས་ལོ་ཙཱ་བར་ལས་ཐོག་ཏུ་སྦྱོང་བརྡར་བྱེད་པ་དང་། ཆ་རྐྱེན་ཡོད་རིགས་ངེས་པར་དུ་སློབ་གྲྭར་མངགས་ཏེ་ལོ་ཙཱའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཐབས་བྱེད་དགོས་ཏེ། ལོ་ཙཱ་བར་སྐད་ཡིག་གཉིས་ཤེས་དགོས་པའི་ཆ་རྐྱེན་ལ་དམིགས་ནས་ཚན་པ་ཁག་གིས་བྱ་ཐབས་དང་རྣམ་པ་འདྲ་མིན་གྱི་ཐོག་ནས་ཡིག་སྒྱུར་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། གཉིས་ནས་བྱ་བ་གང་ཞིག་བྱང་ཆ་ཐོན་པ་ཞིག་ཏུ་འགྱུར་བ་བྱེད་པར་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་འཛོམས་དགོས་པའི་ཁར། ད་དུང་། རང་ཉིད་ཀྱིས་རང་སྦྱོང་བྱ་རྒྱུ་དེ་གལ་ཆེ་བ་ཞིག་ཡིན། དེ་ཡང་གཞན་གྱིས་སྒྲིག་འཛུགས་བྱས་ནས་སྦྱོང་བརྡར་བྱེད་པ་དང་། རང་ངོས་ཀྱི་སྦྱོང་བརྡར་གཉིས་པོ་དེ་ནི་ཕྱི་རྐྱེན་དང་ནང་རྐྱེན་དུ་གྱུར་པ་ཞིག་ཡིན་ཏེ། ནང་རྐྱེན་ནི་ཕྱི་རྐྱེན་ལས་གལ་ཆེ་བ་ཞིག་ཡིན་སྟབས། ནང་རྐྱེན་དུ་གྱུར་པའི་རང་ངོས་ཀྱི་སྦྱོང་བརྡར་ལ་དམ་འཛིན་བྱེད་དགོས། སྦྱོང་བརྡར་སྤྲོད་སྐབས་གཙོ་བོ་ཕྱོགས་འགའ་ཞིག་ནས་རང་སྦྱོང་གི་ལམ་དུ་འཇུག་དགོས། སྐད་ཡིག་གི་བྱང་ཚད་ནི་ཡིག་སྒྱུར་གྱི་ཆེས་རྩ་བའི་རྨང་གཞི་ཡིན་པས། བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྡ་སྤྲོད་ཤེས་བྱ་དཔྱིས་ཕྱིན་པ་རྟོགས་པར་བྱ་རྒྱུར་འབད་དགོས་པ་དང་། རང་གིས་བསྒྱུར་ཟིན་པའི་ཡིག་སྒྱུར་བརྩམས་ཆོས་ཚགས་པར་དང་དུས་དེབ་སོགས་ཀྱི་ཐོག་འཁོད་རྗེས། གོ་དོན་ལ་འཁྲུལ་བ་ཡོད་མེད་དང་། ཚིག་སྦྱོར་བདེ་པོ་བྱུང་ཡོད་མེད་སོགས་ལ་ཕྱོགས་ཡོངས་ནས་བརྟག་དགོས་ལ། གཞན་ལ་རང་ཉིད་ཀྱི་ཡིག་སྒྱུར་གྱི་བརྩམས་ཆོས་བསྟན་ནས། ཕ་རོལ་པོའི་བསམ་འཆར་གང་ཡོད་ཉན་ཏེ་དང་དུ་ལེན་དགོས་རིགས་དང་དུ་ལེན་དགོས། དེ་སྔོན་ལོ་ཙཱ་བ་རྒན་གྲས་མང་པོ་ཞིག་གིས་བསྒྱུར་བྱ་རྒྱ་ཡིག་ཡིན་པ་དང་། བསྒྱུར་བྱེད་བོད་ཡིག་ཡིན་པ་ལ་བལྟོས་ནས་རྒྱ་ཡིག་གི་ཆུ་ཚད་ལས་བོད་ཡིག་གི་ཆུ་ཚད་དེ་བས་ཀྱང་མཐོ་བ་དགོས་ཀྱི་འདུག་ཅེས་ངོས་འཛིན་གནང་སྟེ་དེའི་སྐོར་འཆད་ཁྲིད་གནང་བ་དང་། དཔྱད་རྩོམ་སོགས་སྤེལ་གནང་ཡོད། བུ་ཡིག་བོད་ཡིག་ཡིན་པར་བལྟོས་ནས་བོད་སྐད་ཡིག་གི་བྱང་ཚད་གོང་མཐོར་གཏོང་རྒྱུ་དེ་དགོས་པ་གལ་ཆེ་དང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

གཉིས། སྒྱུར་རྩལ་ལེགས་སུ་གཏོང་ཐབས།

འགྱུར་ལེགས་པོ་ཞིག་འཁྱོངས་བར་ལོ་ཙཱ་བས་སྐད་གཉིས་ཤེས་པ་ཙམ་གྱིས་མི་ཆོག་པར། ཕྱོགས་གང་ཅིའི་ཐད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཐབས་བྱེད་དགོས། མིག་སྔར་ལོ་ཙཱ་བ་ཁག་གཅིག་གིས་རྒྱ་ཡིག་བོད་ཡིག་ཏུ་ཕབ་ཤེས་པ་ཙམ་གྱིས་རང་ཉིད་ལ་ལོ་ཙཱ་བའི་གནས་བབ་ཡོད་པའི་ངོས་འཛིན་བྱེད་པ་ཙམ་ལས། སྒྱུར་རྩལ་ལེགས་སུ་གཏོང་རྒྱུར་དོ་སྣང་དེ་ཙམ་བྱེད་ཀྱི་མེད། བོད་ཀྱི་ལོ་རྒྱུས་ཐོག་སམ་བོད་ཡིག་སྒྱུར་ཡིན་ནའང་འདྲ། རྒྱ་བོད་ཡིག་སྒྱུར་ཡིན་ནའང་འདྲ། གང་ལྟར་སྔར་གྱི་ཡིག་སྒྱུར་བརྩམས་ཆོས་མང་པོ་ཞིག་ལ་མ་ཡིག་གི་ཤུལ་ཙམ་མངོན་རྒྱུ་མེད་པར། ཐད་ཀར་བོད་ཡིག་ནས་བྲིས་པ་ལྟ་བུ་ཡོད་པ་སྟེ། དཔེར་ན། སངས་རྒྱས་གསུང་རབ《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ》དང་། རྩོམ་རིག《གཞོན་ནུ་དྲུག་གི་རྟོགས་བརྗོད》ཡང་ཉེ་རབས་སུ་བསྒྱུར་བའི་རྒྱའི་གྲགས་ཅན་སྒྲུང་གཏམ《ཆུ་ངོགས་གཏམ་རྒྱུད》དང་། 《ཐོག་ཁང་དམར་པོའི་རྨི་ལམ》སོགས་ཡིན་ཅིང་། འགྱུར་མ་དེ་ཚོའི་ལོ་ཙཱ་བ་རྣམས་ནི་ཡིག་སྒྱུར་ཙམ་མིན་པར་བསྟན་བཅོས་བརྩམས་པར་ཡང་ཐོགས་ཐུག་བྲལ་བ་ཤ་སྟག་ཡིན་པས། ཁོང་རྣམ་པའི་སྒྱུར་རྩལ་ལེགས་པོ་ཡོད་པ་སྐད་ཡིག་གཉིས་ཤེས་པ་ཙམ་གྱིས་མིན་པར། ལྗགས་རྩོམ་ལ་ཡང་མཁས་པས་སོ། རང་རེ་ཕྱི་རབས་པ་ཚོས་ཀྱང་རང་གི་སྒྱུར་རྩལ་ལེགས་སུ་གཏོང་ཆེད། འགྱུར་མ་ལེགས་གྲས་མང་ཙམ་ལྟ་ཀློག་བྱེད་དགོས་པ་ཨ་ཅང་བརྗོད་མེད་ཐོག བོད་ཀྱི་བསྟན་བཅོས་གཞན་རྣམས་ཀྱང་མང་ཙམ་བཀླགས་ཏེ་ཕུལ་བྱུང་བརྩམས་ཆོས་ཀྱི་ནང་ནས་རང་ཉིད་ལ་ཚིག་སྦྱོར་སྤེལ་ཚུལ་དང་། ཕྲད་སྦྱོར་སྟངས། གཅོད་མཚམས་ཇི་ལྟར་འབྱེད་ཚུལ་སོགས་རྒྱུད་ལ་འཇགས་ཐབས་བྱེད་དགོས་ཤིང་། དེ་ལྟར་བྱས་ཚེ། ཡིག་སྒྱུར་བྱེད་རིང་ཚིག་སྦྱོར་མི་བདེ་བ་དང་། བརྗོད་བྱ་སྦྲེལ་མི་ཆགས་པ་སོགས་ཀྱི་སྐྱོན་སེལ་རྒྱུར་ཕན་པ་ངེས་ཅན་ཡོང་བ་མ་ཟད། ཐ་སྙད་ཁོང་དུ་ཆུད་ཚད་མཐོ་རུ་དང་ཡི་གེའི་དག་ཆ་མང་པོ་ཞིག་ཁོང་དུ་ཆུད་རྒྱུར་ཕན་པ་ཆེན་པོ་ཡོད།

དེ་མིན་མིག་སྔར་ལོ་ཙཱ་བ་རེ་འགས་གུས་པས་ཡི་གེ་བསྒྱུར་རྒྱུ་དེ་མ་གཏོགས་རྩོམ་ཡིག་འབྲི་ཤེས་ཀྱི་མེད་ཅེས་ཐད་ཀར་ཤོད་ཀྱི་ཡོད་པས་རྟོགས་ཐུབ་ཅིང་། དེ་ཡང་དོན་དངོས་རང་རེད། ལོ་ཙཱ་བ་འགས་བསྒྱུར་རྒྱུ་ཙམ་མ་གཏོགས་གསར་རྩོམ་མི་ཐུབ་པ་རང་ཅག་ཚང་མའི་མཐོང་ཆོས་སུ་གྱུར་ཡོད། འོན་ཀྱང་ལོ་ཙཱ་བས་སྒྱུར་ཤེས་པ་ཙམ་མ་ཟད། རྩོམ་ཤེས་པ་དགོས། དེ་ཡང་སྒྱུར་རྩལ་མཐོ་རུ་གཏོང་བར་ཡིག་སྒྱུར་གྱི་གཞུང་ལུགས་ལ་བསྟེན་དགོས་པ་སྨོས་ཅི། ཡིག་སྒྱུར་གྱི་ལག་ལེན་དུ་ཧུར་ཐག་ཞུགས་ཏེ་རང་ཉིད་ཀྱི་སྒྱུར་རྩལ་ཆུ་ཚད་ཇི་ཙམ་དུ་སླེབས་མིན་ལ་ཡང་ཡང་བརྟག་ནས་ཞན་ཆ་འབྱུང་རིགས་སེལ་རྒྱུར་འབད་དགོས་པ་དང་། དེ་བཞིན་སྒྱུར་རྩལ་ལེགས་སུ་གཏོང་ཆེད་དུ་རང་ངོས་ཀྱི་རྩོམ་འབྲིའི་འཇོན་ཐང་ཆེ་རུ་གཏོང་བར་ཡང་ཤུགས་རྒྱག་དགོས། གལ་ཏེ་ལོ་ཙཱ་བ་རྩོམ་འབྲི་བར་ཡང་བྱང་བ་ཞིག་ཡིན་ཕྱིན། དེས་བསྒྱུར་བའི་བརྩམས་ཆོས་ཀྱང་སྤུས་ཚད་མཐོ་བ་ཡོད་པ་ནི་སྨོས་མེད་རེད། དཔེར་ན། གསར་འགྱུར་ཡིག་སྒྱུར་བ་ཞིག་གི་ངོས་ནས་བཤད་ན། དེས་གསར་འགྱུར་རྩོམ་འབྲི་ཤེས་ཀྱི་ཡོད་ཕྱིན། བསྒྱུར་བྱ་རྒྱ་ཡིག་གི་གསར་འགྱུར་རྩོམ་ཡིག་མཐོང་བ་ཙམ་གྱིས། དེའི་གླེང་གཞི་དང་། གཙོ་དོན། རྒྱས་བཤད། མཇུག་བྱང་སོགས་འཕྲལ་མར་རྟོགས་ཐུབ་པས་མི་ཚད། བུ་ཡིག་ཏུ་ཕབ་སྐབས་ཐད་སྒྱུར་དང་། དོན་སྒྱུར། ཐད་ལོག་སྒྱུར། སྣོན་འཕྲི་བྱེད་པ་སོགས་ཐབས་རྩལ་འདོན་ཐུབ་ནས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ནས་བྲིས་པ་ལྟ་བུའི་བརྗོད་དོན་གསལ་ལ་རྗོད་བྱེད་ཚིག་སྦྱོར་བདེ་ཡིག་བ་ཞིག་ལ་སྒྱུར་ཐུབ་བོ།

དེ་མིན་ང་ཚོའི་མཐོང་ཆོས་སུ་ཡིག་སྒྱུར་བ་ཁག་གཅིག་གིས་ཚིག་རྒྱན་རིག་པ་དང་། ཚད་མ་རིག་པ་སོགས་ལའང་དོ་སྣང་དེ་ཙམ་བྱེད་ཀྱི་མེད་ཅིང་། རྒྱུ་མཚན་ནི་ཡིག་སྒྱུར་སྤྱི་དང་ཁྱད་པར་དུ་གསར་འགྱུར་ཡིག་སྒྱུར་ཡིན་ཕྱིན། རིག་ཚན་དེ་གཉིས་དང་འབྲེལ་བ་མེད་པ་ལྟ་བུར་སྣང་མོད། འོན་ཏེ་ང་ཚོས་ཞིབ་ཏུ་བསམས་ན་ལོ་ཙཱ་བར་རྒྱུན་ཤེས་མང་པོ་དགོས་ཞེས་སྨྲ་བ་བཞིན། བོད་ཀྱི་རིག་གནས་བཅུའི་ཐད་ལའང་ཐོས་བསམ་བྱེད་དགོས་ཤིང་། དེ་བས་ཀྱང་ཚིག་རྒྱན་ནི་ཚིག་སྦྱོར་མཛེས་བྱེད་ཡིན་པས། གསར་འགྱུར་རྩོམ་ཡིག་ལ་མཚོན་ན། མི་སྣའི་གཟུགས་བརྙན་བཞེངས་པ་དང་། མི་སྣའི་གཏམ་གླེང་། ཁོར་ཡུག་བཀོད་འབྲི་སོགས་ལ་འོས་ཤིང་འཚམས་པའི་ཚིག་རྒྱན་སྤྲོས་རྒྱུ་ནི་བརྗོད་དོན་གསོན་ཉམས་ལྡན་པ་དང་། སྙན་ཆ་དོད་དུ་གཏོང་བའི་ཐབས་དམ་པར་གྱུར་ཡོད་པས། དེར་བརྟེན་རང་རེ་ལོ་ཙཱ་བ་ཚོས་སྒྱུར་རྩལ་ལེགས་སུ་གཏོང་བའི་ཆེད་དུ་ཚིག་རྒྱན་རིག་པར་ཡང་དོ་སྣང་བྱེད་དགོས་ལ། དེ་བཞིན་ཚད་མ་རིག་པར་མཚོན་ནའང་རྟགས་དང་གསལ་བ་འགོད་པ་དེ་དགོན་པའི་དགེ་འདུན་པའི་རིག་པ་ཁོ་ན་ག་ལ་ཡིན། ཚད་མ་རིག་པ་ནི་བྱ་དངོས་ལ་དབྱེ་ཞིབ་དང་། བརྡར་ཤ་གཅོད་པའི་ཐད་ཀྱི་རིག་ལམ་མཆོག་ཏུ་གྱུར་པ་ཞིག་ཡིན་པར་གཞིགས་ནས་དེ་ལའང་ཉམས་ལེན་གང་ཐུབ་བྱེད་དགོས་ཤིང་། དེ་ལྟར་ཐུབ་ཚེ་རང་ཉིད་ཀྱི་རིག་པའི་སྤུ་གྲི་རྣོ་རུ་སོང་སྟེ་ཡིག་སྒྱུར་བྱེད་པའི་ནང་ཕྱོགས་གང་ཅིའི་ཐད་དཔྱད་བསྡུར་དང་། མཐའ་དཔྱོད་ཡང་དག་བྱེད་པར་བསམ་རྒྱ་ཆེ་རུ་འགྲོ་བ་དེའོ།

མདོར་ན། རང་ཉིད་ཀྱི་ལོ་ཙཱའི་ཆེད་ལས་ཤེས་བྱ་ཞན་པ་དང་། ལག་ལེན་གྱི་བཞུན་བརྡར་ཉུང་བས་ལོ་ཙཱའི་ཐད་རྒྱས་བཤད་བྱེད་པའི་སྤོབས་པ་མེད་མོད། འོན་ཀྱང་ལོ་ཙཱ་ནི་སྔར་ནས་ད་བར་སྤྱི་ཚོགས་ཀྱི་བྱ་གཞག་ཧྲིལ་པོ་ཡར་ཐོན་ཡོང་བ་བྱེད་པའི་གལ་ཆེའི་བྱ་བ་ཞིག་ཡིན་ཞིང་། ད་ཆ་སྔར་བས་དགོས་མཁོ་ཆེ་རུ་འགྲོ་བ་ཞིག་ཡིན་པས། ཡིག་སྒྱུར་སྤྱིར་འགྱུར་གྱི་སྤུས་ཚད་ལེགས་པོ་ཡོང་བར་ཚང་མས་དོ་ཁུར་བྱེད་འོས་པ་ཞིག་ཡིན་གཤིས། བདག་གིས་གང་བསམ་ལྷུག་པོར་བཤད་པ་ཞིག་ལགས་མོད། འོན་ཏེ་ཚིག་དོན་གྱི་ཆ་ལ་འགལ་ཆ་ཡོད་ངེས་ན་བློ་ལྡན་རྣམས་ཀྱིས་བླང་དོར་གནང་རོགས་ཞུ་རྒྱུ་དང་བཅས།

རྩོམ་པ་པོའི་ལས་ཁུངས་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའུ་གལ་ཆེའི་གསར་འགྱུར་ཁང་ནས་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1