ཞི་ཅིན་ཕིང་གིས2019ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཕྱི་ཉོ་ཚོང་བརྗེ་རེས་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-31


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས28ཉིན། 2019ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཕྱི་ཉོ་ཚོང་བརྗེ་རེས་ཚོགས་འདུ་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉོ་ཚོང་བརྗེ་རེས་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། དཔལ་འབྱོར་འཛམ་གླིང་ཅན་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། ཞབས་ཕྱི་ཉོ་ཚོང་བརྗེ་རེས་དེ་རྒྱལ་སྤྱིའི་ཉོ་ཚོང་གི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པས། འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་སྒུལ་ནུས་གསར་བ་བསྣན། ཞབས་ཕྱི་ཉོ་ཚོང་བརྗེ་རེས་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེ་པ་དང་སྦས་ཤུགས་ཆེན་པོ་ཡོད་པས། ང་ཚོས་གོ་སྐབས་དམ་འཛིན་བྱས་ཏེ་མཉམ་དུ་ལག་རྡང་སྦྲེལ་ནས་འཛམ་གླིང་ཞབས་ཕྱི་དང་གཉིས་ཕན་མཉམ་སྤྱོད་ཀྱི་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཞབས་ཕྱི་ཉོ་ཚོང་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། སྐབས་འདིའི་བརྗེ་རེས་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་སྒོ་འབྱེད་དང་གསར་སྐྲུན། རིག་སྟོབས། མཉམ་བསྲེས་བཅས་ཡིན་པས། འཐུས་མི་དང་སྐུ་མགྲོན་རྣམས་ཀྱིས་བརྗེ་རེས་ཟབ་མོ་བྱེད་པ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ། མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ཡོངས་ཀྱི་ཞབས་ཕྱི་ཉོ་ཚོང་བརྗེ་རེས་དར་རྒྱས་གོང་འཕེལ་དུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མིའི་རིགས་ཀྱི་ལས་སྐུལ་ཕུང་བོ་གཅིག་དྲིལ་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1