རྔ་བ་ཁུལ་གྱི་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ལ་རྦབ་རྡོ་ཕོག་ནས་མི་3རྐྱེན་ལམ་དུ་ཤོར་བ་དང་མི་4གར་སོང་ཆ་མེད་དུ་གྱུར་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15


འདི་ནི་ཟླ་7ཚེས་11ཉིན་དོན་རྐྱེན་བྱུང་ཡུལ་རེད།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་7ཚེས་11ཉིན། རྒྱལ་ལམ་213རྒྱུད་ཀྱི་ཟུང་ཆུ་རྫོང་གདོང་སྣ་ཡུལ་ཚོ་ཤང་གི་ཁོངས་སུ། ཨང་རྟགས་ཁྲོན་U36463ཡིན་པའི་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ལ་རྦབ་རྡོ་ཕོག་པས་རླངས་འཁོར་གྱིས་ཚོད་མ་ཟིན་པར་ལམ་འགྲམ་གྱི་སྤང་ཐོག་ལ་ལྷུང་ཡོད།
     ཐོག་མའི་དཔྱད་ཞིབ་ལྟར་ན། རླངས་འཁོར་དེར་འགྲུལ་པ་28དང་ཁ་ལོ་པ་2བསྡད་ཡོད། མིག་སྔའི་བར་དོན་རྐྱེན་ཁྲོད་མི་3རྐྱེན་ལམ་དུ་ཤོར་བ་དང་མི་4གར་སོང་ཆ་མེད་དུ་གྱུར་ཡོད་ལ། མི་18ལ་རྨས་སྐྱོན་ཕོག་འདུག  གནས་ཚུལ་ཞིབ་ཕྲ་ད་དུང་དཔྱད་ཞིབ་བྱེད་སྒང་ཡིན།
སྙན་སེང་འབྱོར་རྗེས། ས་གནས་དེ་གས་འཕྲལ་དུ་སྤྱི་བདེ་དང་སྨན་བཅོས། འཕྲལ་སྡོམ་དོ་དམ་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་བསྐྱོད་དེ་འཕྲལ་སྡོམ་བཀོད་སྒྲིག་དང་། རྨས་མ་མྱུར་སྐྱོབ། དོན་རྐྱེན་འབྱུང་རྐྱེན་བརྟག་དཔྱད་སོགས་ཀྱི་ལས་དོན་སྤེལ་ལ། རྨས་མ་18དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1