གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

ལྷག་པ། རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༢༠ཉིན།

༄༅།། ཐོན་མིའི་གདུང་རྒྱུད་ལས་བྱུང་བའི་སྡེ་པ་ཡར་གོང་གཉིས་དང་འབྲེལ་བའི་དཔྱད་གླེང་།

ལྷག་པ།

[ནང་དོན་གནད་བསྡུས།]རྩོམ་ཡིག་འདིའི་ནང་ཕག་རིན་གཙང་གསུམ་གྱི་དུས་སུ་དབུས་ཁུལ་ལྷོ་རྒྱུད་དུ་བྱུང་བའི་སྡེ་པ་ཡར་རྒྱབ་པ་དང་གོང་དཀར་བ་གཉིས་ཀྱི་སྐོར་ལ་ཕྱིས་ཀྱི་ལོ་རྒྱུས་དེབ་ཐེར་ཁག་གཅིག་དང་དེ་འབྲེལ་གྱི་དཔྱད་རྩོམ་རེ་གཉིས་ནང་དེ་གཉིས་ཀྱི་སྡེ་གཞིས་དང་སྡེ་དཔོན་སོགས་གཅིག་ཏུ་འཁྲུལ་བའི་སྣང་ཚུལ་བྱུང་ཡོད་པར་དམིགས་ཏེ། ཁུངས་དག་གི་ལོ་རྒྱུས་དེབ་ཐེར་ཁག་ལ་གཞི་བཅོལ་ནས་སྡེ་པ་ཡར་གོང་གཉིས་གཅིག་ཏུ་འཁྲུལ་བའི་རྒྱུ་རྐྱེན་དང་། སྡེ་པ་དེ་གཉིས་ཀྱི་སྡེ་དཔོན་དང་སྡེ་གཞིས་སོགས་ཡོངས་སུ་ཐ་དད་ཡིན་པའི་སྐོར་ལ་དཔྱད་གླེང་བགྱིས་ཡོད།
[བརྡ་ཆད་གཙོ་བོ།]སྡེ་པ་ཡར་རྒྱབ་པ། སྡེ་པ་གོང་དཀར་བ། འཁྲུལ་བའི་རྒྱུ་རྐྱེན། ཡར་གོང་གཉིས་ཐ་དད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)01 -117-15 
གླེང་གཞི།
           དེ་ཡང་སྡེ་པ་ཡར་རྒྱབ་པ་དང་སྡེ་པ་གོང་དཀར་བ་གཉིས་ནི་ཕག་གྲུའི་དུས་སྐབས་སུ་གྲྭ་དོལ་གཞུང་གསུམ་དང་། བསྐུལ་ཕྱིང་རུ་①གཙོ་བོར་གྱུར་བའི་དབུས་ཁུལ་ལྷོ་རྒྱུད་དུ་བྱུང་བའི་ས་གནས་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ཞིང་། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》དང་《པཎ་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པའི་རྣམ་ཐར་》 དེ་བཞིན་《རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་》སོགས་ཁུངས་ལྡན་གྱི་ལོ་རྒྱུས་དེབ་ཐེར་ཁག་ལ་གཞིགས་ཚེ། སྡེ་པ་ཡར་གོང་གཉིས་ཀྱི་མི་རྒྱུད་ནི་ཐོན་མི་སཾ་བྷོ་ཊའི་རྒྱུད་པ་ལས་མཆེད་ཅིང་། ཕྱིས་ས་སྐྱའི་དབང་བསྒྱུར་དུས་སྐབས་སུ་ཐོན་མིའི་གདུང་རྒྱུད་བཅུ་པ་རྡོ་རྗེ་བཀྲ་ཤིས་②ཀྱིས་ས་སྐྱའི་ཏི་ཤྲཱི་ཀུན་བློའི་③ཞབས་ལ་གཏུགས་པས། ཁོང་ལ་ཉང་སྨད་དགའ་བ་གདོང་དང་བྱ་རོག་རྫོང་④གི་སྟོང་དཔོན་སོགས་ཀྱི་དབང་ཆ་ཐོབ་པ་མ་ཟད། ཆབ་སྲིད་ཀྱི་མཛད་འཕྲིན་ཡང་ཇེ་ཆེར་རྒྱས་ཏེ། ཡོན་གོང་མ་ཐོ་གན་ཐེ་མུར་གྱིས་དུ་དབེན་ཤ་⑤ཆེན་པོའི་ཆོ་ལོ་ཡང་གནང་། དུས་རབས་བཅུ་བཞི་པའི་དུས་དཀྱིལ་མཚམས་སུ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་གཙང་ཕྱོགས་སུ་དཔུང་འདྲེན་སྐབས་ཀྱང་རྡོ་རྗེ་བཀྲ་ཤིས་ཀྱིས་བྱ་རོག་རྫོང་གི་སྟོང་དཔོན་གྱི་བྱ་ལས་ལེགས་པར་བསྐྱངས་མུས་ཐོག སི་ཏུར་ཕྱག་རོགས་དང་མཐུན་རྐྱེན་གང་ལེགས་བསྐྲུན་སྟབས། ཕག་གྲུའི་སྡེ་སྲིད་ལྔ་པ་ཝང་གྲགས་པ་རྒྱལ་མཚན་གྱིས་ཁོང་གི་སྲས་གཉིས་པ་དྲུང་ཆེན་ཚུལ་ཁྲིམས་རྒྱལ་བ་ཡར་རྒྱབ་དཔོན་ཆེན་དུ་བསྐོ་གཞག་གནང་བ་མ་ཟད། སྲས་བཞི་པ་དཔོན་བཞི་འཛོམ་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་དུ་བསྐོ་གཞག་གནང་། དེ་རྗེས་ཐོན་མིའི་གདུང་རྒྱུད་རྣམས་དབུས་ཁུལ་ལྷོ་རྒྱུད་དུ་ཕྱོགས་ཁག་གཉིས་སུ་གྱེས་པས། བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྡེ་པ་ཡར་གོང་གཉིས་ཞེས་བྱ་བ་བྱུང་ངོ་།
           “ཡར་གོང་”ཞེས་པའི་ཐ་སྙད་སྐོར་ལ་《དེབ་དམར་གསར་པ་》ལས། “སྐབས་ཤིག་ནས་གོང་མ་ཉིད་(ཀུན་དགའ་ལེགས་པ་)ཀ་བཞི་པ་སྐུ་མཆེད་ཀྱི་གཞན་དབང་དུ་སོང་སྟེ་ཡབ་ཡུམ་ཐུགས་མ་མཐུན་ནས་སྡེ་འཁྲུག་ལུང་བསྟན་མང་པོ་བྱུང་སྟེ། ཡར་གོང་བྱ་ས་བསམ་སྡེ་བ་རྣམས་བདག་མོ་བའི་ཕྱོགས་དང་། སྣེའུ་པ་དང་འོལ་ཁ་བ་སོགས་དཔོན་ས་དཔོན་བློན་གྱི་ཕྱོགས་སུ་གྱུར་”⑥ཞེས་དང་།  《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “ཡར་གོང་། འབྲོག རོང་ཆེན་རིན་སྤུངས་བརྒྱུད། ཟླ་བ་བཞི་པའི་ཡར་ངོ་ནས་ཡར་རྒྱབ་ཀྱི་སྦྱིན་བདག་ཆེན་པོའི་བསོད་ནམས་ཀྱི་ཞིང་དུ་ཆོས་ཀྱི་འཕྲིན་ལས་ཆེར་མཛད་ནས་སླར་སྣེ་གདོང་རྩེར་ཕེབས་”⑦ཞེས་དང་། “ཕྱིས་བྱ་པ་ཁྲི་དཔོན་གྱིས་འདི་ཐུགས་ལ་མནག་པ་ཁོ་ནས་ཡར་གོང་སྣེལ་གསུམ་དང་སྲིད་བཤིག་སྟེ་གཙང་སྲིད་མཛད་ནས་སྐྱི་ཤོད་དུ་ཁྲི་དམག་གཉིས་གསུམ་བཏེགས་”⑧ཞེས་བྱུང་བ་སོགས་ལས། “ཡར་གོང་”ཞེས་པའི་ཐ་སྙད་དེ་ནི་ཕག་གྲུའི་དུས་སྐབས་ནས་སྡེ་པ་ཡར་རྒྱབ་པ་དང་གོང་དཀར་བ་གཉིས་ཀྱི་བསྡུས་མིང་ལ་ཐོགས་པའི་ཐ་སྙད་ཅིག་ཡིན་པ་ཤེས་ཐུབ།
           འོན་ཀྱང་ད་བར་རྒྱལ་ཁབ་ཕྱི་ནང་དུ་སྡེ་པ་ཡར་གོང་གཉིས་ཀྱི་སྐོར་ལ་ཆེད་དུ་ཞིབ་འཇུག་མཛད་པའི་དཔྱད་འབྲས་ཤིན་ཏུ་དཀོན་ཁར། ཕྱིས་ཀྱི་ལོ་རྒྱུས་དེབ་ཐེར་དང་དཔྱད་རྩོམ་སོགས་ཀྱི་ནང་སྡེ་པ་ཡར་གོང་གཉིས་གཅིག་ཏུ་འཁྲུལ་ཏེ་ལོ་རྒྱུས་ཀྱི་དོན་དངོས་ལ་ལོག་འགྲེལ་མཛད་པ་ལྟ་བུ་ཡང་སྣང་བས། མ་དག་རྒྱུན་འབྱམས་ལྟ་བུར་སོང་བའི་འདོད་ཚུལ་དེ་རིགས་དག་སེལ་ཡོང་ཕྱིར། འདིར་ཁོ་བོས་སྡེ་པ་ཡར་རྒྱབ་པ་དང་གོང་དཀར་བ་གཉིས་གཅིག་ཏུ་འཁྲུལ་བའི་རྒྱུ་རྐྱེན་དང་སྡེ་པ་དེ་གཉིས་ཡོངས་སུ་ཐ་དད་ཡིན་པའི་སྐོར་ལ་རང་ཉིད་ཀྱི་འདོད་ཚུལ་ཅུང་ཟད་གླེང་བར་བྱའོ།
དང་པོ།  ཡར་རྒྱབ་དང་གོང་དཀར་གཉིས་གཞི་གཅིག་ཏུ་འཁྲུལ་བའི་རྒྱུ་རྐྱེན་སྐོར།
           གཅིག ཡར་གོང་གཉི་གའི་དཔོན་པོ་ནི་ཐོན་མིའི་གདུང་རྒྱུད་ལས་མཆེད་པའི་མི་སྣ་ཡིན་པའི་རྐྱེན་གྱིས་འཁྲུལ་གཞི་བྱུང་བ།
           སྡེ་པ་ཡར་གོང་གཉིས་ནི་ཕག་གྲུའི་དུས་སྐབས་སུ་བོད་དབུས་ཁུལ་དུ་བྱུང་བའི་སྡེ་དཔོན་ཆེ་ཁག་རྣམས་ཀྱི་ཡ་གྱལ་དུ་གྱུར་བའི་ས་གནས་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ནའང་། ད་ཕན་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་གི་ནང་སྡེ་པ་ཡར་གོང་དང་འབྲེལ་བའི་ཐ་སྙད་ཙམ་མམ་དེའི་སྐོར་གྱི་བརྗོད་བྱ་ཐར་ཐོར་ཙམ་ལས་ཅུང་ཞིབ་ཕྲ་ཅན་ཞིག་མངོན་དཀའ་ལ། ལྷག་པར་དུ་《ཡར་རྒྱབ་པའི་གདུང་རབས་》⑨ཞེས་པ་དང་《ཐུའི་གདུང་རབས་རྒྱས་པ་》⑩ཞེས་པ་ལ་སོགས་པའི་ཡར་གོང་དང་ཐད་ཀར་འབྲེལ་བའི་གདུང་རབས་ལོ་རྒྱུས་སྐོར་ཡོད་པ་གོ་ཐོས་ཙམ་ལས་དངོས་སུ་འདྲེན་བྱེད་ཀྱི་ཡུལ་དུ་མ་གྱུར་བའི་རྐྱེན་གྱིས། ཕྱོགས་ཡོངས་ནས་སྡེ་པ་དེ་གཉིས་ཀྱི་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ལགས།
           སྡེ་པ་ཡར་རྒྱབ་པ་དང་གོང་དཀར་བ་གཉིས་སྡེ་པ་གཅིག་ཏུ་འདོད་པའི་འཁྲུལ་གཞི་འདིའི་ཐོག་མའི་ཡོང་རྐྱེན་ནི། རྒྱལ་བ་སྐུ་ཕྲེང་ལྔ་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་བྱུང་བར་བསམས་ཏེ། དེ་ཡང་།  “ཡར་རྒྱབ་པ་ནི། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སམྦྷོ་ཊ་ཞེས་བྱ་བ་འཇམ་དབྱངས་ཀྱི་རྣམ་པར་སྤྲུལ་པ། སྔར་བོད་དུ་ཡི་གེའི་སྲོལ་མེད་པ་ལ། རྒྱ་ཡིག་ལྔ་བཅུ་ཐམ་པ་བོད་ཡིག་སུམ་ཅུར་གཏན་ལ་འབེབས་པའི་ཤིང་རྟ་ཆེན་པོ་དེ་ཉིད་ཀྱི་གདུང་རྒྱུད་ཡིན་ལ་”⑾ཞེས་སྡེ་པ་ཡར་རྒྱབ་པའི་མི་རྒྱུད་ཀྱི་མཆེད་ཁུངས་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་བློན་ཆེན་ཐོན་མིའི་རྒྱུད་པ་ཡིན་པར་བསྟན་གནང་བ་དང་།  དེ་རྗེས་“ཆོས་བློན་ཆེན་པོ་འདི་ཉིད་ཀྱི་སྲས་མ་ཧཱ་ས་ཏྭ། དེའི་སྲས་ཡེ་ནག དེའི་སྲས་ཉི་མ་ཀློང་གསལ། དེའི་སྲས་བེར་ནག་ཅན། དེའི་སྲས་མོན་མོ།  དེའི་སྲས་གཙོ་བོ་ལྷ་སྲས། འདི་རྣམས་དགུང་ལོ་བརྒྱ་ལྷག་ཙམ་བཞུགས་པ་ཤ་སྟག་བྱུང་། དེའི་སྲས་བསོད་ནམས་རྒྱལ་པོ།  དེའི་སྲས་རྒྱལ་པོ་དགའ། དེའི་སྲས་རྟ་མགྲིན་རྒྱལ་མཚན།  དེའི་སྲས་རྡོ་རྗེ་བཀྲ་ཤིས། འདིས་དཔལ་ལྡན་ས་སྐྱར་ཏི་ཤྲི་ཀུན་བློའི་ཞབས་ལ་གཏུགས། དེ་ཉིད་ཀྱིས་ཧོར་རྒྱལ་པོའི་དྲུང་དུ་བརྫངས་པས། དུ་དབེན་ཤྲིའི་བྱ་ལས་ཆེན་པོ་གནང་”⑿ཞེས་ཐོན་མིའི་མི་རྒྱུད་རྣམས་རིམ་པར་དྲངས་གནང་བ་དང་སྦྲགས།  ས་སྐྱའི་སྲིད་དབང་གི་དུས་མཇུག་ཏུ་ཐོན་མིའི་རྒྱུད་པར་དམིགས་བསལ་གྱི་དཔོན་གནས་ཤིག་ཐོབ་ཡོད་པའི་སྐོར་བསྟན་གནང་བའི་མུར།  “དེའི་སྲས་དཔོན་བཞི་འཛོམ། གོང་མ་གྲགས་པ་རྒྱལ་མཚན་གྱིས་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་ལ་བསྐོས། དེའི་སྲས་རྒྱལ་བ་ཤེས་རབ། དེའི་སྲས་དཔོན་ཆེན་གྲལ་ལྔ།⒀ འདི་ཉིད་ཀྱིས་སྐུ་ཚེའི་སྟོད་ལ་གོང་མ་གྲགས་པ་འབྱུང་གནས་ཀྱིས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གྱི་ལས་ཀ་གནང་། འོན་ཀྱང་སྤྲུལ་པའི་གང་ཟག་ཁྱད་པར་དུ་འཕགས་པ་ཡིན་པས། སྐུ་ཚེའི་སྨད་ལ་རབ་ཏུ་བྱུང་སྟེ་གསང་བ་སྔགས་ཀྱི་ཆོས་སྡེ་གོང་དཀར་རྡོ་རྗེ་གདན་དུ་གྲགས་པའི་ངོ་མཚར་ཅན་དེ་བཏབ། འདི་ཉིད་ཀྱི་དབོན་སྲས་ནས་བཟུང་སྟེ། སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་ཀྱི་བར་དུ་མངའ་ཐང་ཡར་རྒྱས་སུ་གནས་སོ་”⒁ཞེས་བསྟན་གནང་བའི་དུམ་བུ་འདི་ནི་ཐོན་མིའི་གདུང་རྒྱུད་ལས་སྡེ་པ་ཡར་གོང་གཉིས་གཅིག་ཏུ་འཁྲུལ་བའི་གཞི་རྐྱེན་ལྟ་བུར་མཐོང་བས། དེ་དག་ལ་དབྱེ་ཞིབ་ཅུང་ཟད་བགྱིས་ན་འཁྲུལ་གཞི་འགའ་ཞིག་ཇི་ལྟར་བྱུང་མིན་ཤེས་རྟོགས་བྱ་ཐུབ་སྟེ། དེ་ཡང་།  “དེའི་སྲས་དཔོན་བཞི་འཛོམ། གོང་མ་གྲགས་པ་རྒྱལ་མཚན་གྱིས་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་ལ་བསྐོས་”ཞེས་པ་འདིས་རྡོ་རྗེ་བཀྲ་ཤིས་ལ་མི་རྒྱུད་སྲས་བཞི་འཇོམ་ཁོ་ན་ལས་མེད་པར་བསམས་པ་མ་ཟད། དཔོན་བཞི་འཇོམ་པས་གོང་དཀར་གྱི་རྫོང་དཔོན་བྱས་པ་དེས་ཡར་རྒྱབ་པས་གོང་དཀར་འཛིན་སྐྱོང་བྱས་པར་སྙམ་སྟེ་ཡར་གོང་གཉིས་གཅིག་ཏུ་འཁྲུལ་བ། ཡང་།  “དེའི་སྲས་དཔོན་ཆེན་གྲལ་ལྔ། འདི་ཉིད་ཀྱིས་སྐུ་ཚེའི་སྟོད་ལ་གོང་མ་གྲགས་པ་འབྱུང་གནས་ཀྱིས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གྱི་ལས་ཀ་གནང་”ཞེས་པ་འདིས་གྲྭ་ལྔ་རྒྱལ་པོས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར་བར་བསམས་ཏེ་ཡར་གོང་གཉིས་སྡེ་པ་གཅིག་ཡིན་པར་འཁྲུལ་བ། དེ་བཞིན། “འདི་ཉིད་ཀྱི་དབོན་སྲས་ནས་བཟུང་སྟེ་སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་ཀྱི་བར་མངའ་ཐང་ཡར་རྒྱས་སུ་གནས་སོ་”ཞེས་པ་འདིས་སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་ཐོན་མིའི་གདུང་རྒྱུད་ཡིན་པར་བསམས་ཏེ་ཡར་གོང་གཉིས་སྡེ་པ་གཅིག་ཏུ་འཁྲུལ་བའམ། སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་བར་ཡར་རྒྱབ་ཀྱི་མངའ་ཐང་ཡར་རྒྱས་སུ་གནས་ནས་ཡོད་པར་བསམས་ཏེ་ཡར་གོང་གཉིས་གཅིག་ཏུ་འཁྲུལ་བ་སོགས། གང་ལྟར་འཁྲུལ་རྐྱེན་དུ་མ་ཞིག་གོང་གསལ་དུམ་བུ་ལས་རགས་ཙམ་མངོན་པ་ལྟར། ཕྱིས་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་སྡེ་པ་ཡར་གོང་གཉིས་གཅིག་ཏུ་འདོད་པའི་འཁྲུལ་རྐྱེན་གྱི་གཞི་རྩ་ནི་ཡར་གོང་གཉིས་ཀྱི་མི་རྒྱུད་གཅིག་ཡིན་པའི་གནད་དོན་དེར་ཐུག་ཡོད།   
           གཉིས། ཡར་གོང་གཉིས་དང་འབྲེལ་བའི་ཡིག་ཚང་འགར་ཡར་གོང་གི་སྐོར་གཞི་གཅིག་ཏུ་བསྟན་པ་ལས་འཁྲུལ་གཞི་བྱུང་བ།   
           《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུ ཡར་གོང་གཉིས་ཐ་དད་དུ་མ་མཛད་པར་གཅིག་མཚུངས་ཀྱི་ཚུལ་དུ་བསྟན་གནང་བ་ལྟར་《རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན་》ཞེས་པའི་ནང་དུའང་།  “ཡར་རྒྱབ་པ་ནི་ཆོས་བློན་སམ་བྷོ་ཊའི་རིགས་རྒྱུད་ཡིན་པར་བཤད་ལ་མི་ཐོག་མང་ཞིག་སོང་མཐར་རྡོ་རྗེ་བཀྲ་ཤིས་ཀྱི་དུས་ས་སྐྱའི་ཏི་ཤི་ཀུན་བློའི་ཞབས་ལ་གཏུགས། ཧོར་རྒྱལ་པོའི་དུས་དབེན་ཤྲིའི་བྱ་ལས་གནང་། དེའི་སྲས་དཔོན་བཞི་འཛོམ་ལ་གོང་མ་གྲགས་རྒྱལ་གྱིས་གོང་དཀར་རྫོང་དཔོན་གནང་། དེའི་སྲས་རྒྱལ་བ་ཤེས་རབ། དེའི་སྲས་དཔོན་གྲྭ་ལྔ་འདི་སྐུ་ཚེའི་སྨད་རབ་ཏུ་བྱུང་།  གངས་དཀར་རྡོ་རྗེ་གདན་བཏབ། དེའི་དབོན་སྲས་རྣམ་རྒྱལ་བ་མཆེད་ཀྱི་བར་དང་། དེ་སྐབས་ཕག་གྲུའི་བསྟན་སྲིད་ཉམས་པས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་དུས་སྐབས་ཡར་གཙང་སྐུ་གསུམ་དུ་གྲགས་”⒂ཞེས་སྡེ་པ་ཡར་རྒྱབ་པ་དང་གོང་དཀར་བ་གཉིས་ཡོངས་སུ་འཁྲུལ་ཏེ། ཡར་རྒྱབ་པའི་སྡེ་དཔོན་ལ་གོང་དཀར་དུ་རྫོང་དཔོན་གནང་མྱོང་བའི་ཐོན་མིའི་རྒྱུད་པ་རྣམས་ལུང་འདྲེན་མཛད་ཡོད་ལ། 《ཐོན་མིའི་ཞལ་ལུང་》དུའང་།  “དེའི་སྲས་དཔོན་ཆེན་གྲལ་ལྔ། འདིའི་སྐུ་ཚེ་སྟོད་ལ་གོང་མ་གྲགས་པ་འབྱུང་གནས་ཀྱིས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གྱི་གོ་གནས་ཟུང་འབྲེལ་དུ་གནང་། སྐུ་ཚེ་སྨད་ལ་ཁྱིམ་སྤངས་ནས་རབ་ཏུ་བྱུང་སྟེ་གསང་སྔགས་ཆོས་སྡེ་གོང་དཀར་རྡོ་རྗེ་གདན་གསར་དུ་བཏབ། འདི་ནས་བཟུང་དབོན་སྲས་རྣམས་ལ་སྡེ་པ་ཡར་རྒྱབ་པ་ཞེས་བྱ་བར་གྲགས་ཤིང་། རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཆོའི་དུས་སུ་ཡར་རྒྱབ་སྡེ་པ་རྣམ་རྒྱལ་སྐུ་མཆེད་ཅེས་གྲགས་པ་ཅན་སོགས་བྱུང་ངོ་”⒃ཞེས་གོང་དཀར་རྫོང་དཔོན་གྲྭ་ལྔའི་དབོན་སྲས་རྣམས་སྡེ་པ་ཡར་རྒྱབ་པ་ཡིན་པར་བསྟན་གནང་ཡོད།   
           དེ་ལྟར་ང་ཚོས་གོང་གསལ་ཡིག་ཚང་དེ་གསུམ་ལ་དཀྱུས་གཅིག་ཏུ་གཤིབ་བསྡུར་ཞིག་བྱས་ཚེ། རྒྱལ་བ་ལྔ་པས་ཡར་རྒྱབ་པའི་སྐོར་གསུང་སྐབས་གོང་དཀར་གཞིས་ཀའི་རྫོང་དཔོན་གྱི་གོ་གནས་ཐོབ་པའི་ཐོན་མིའི་རྒྱུད་པའམ་ཡར་རྒྱབ་པའི་མི་རྒྱུད་ལས་མཆེད་པའི་མི་སྣའི་སྐོར་བསྟན་པ་ལས་གྲྭ་དོལ་དུ་ཡོད་པའི་ཡར་རྒྱབ་པའི་དཔོན་ཆེན་གཞན་གྱི་སྐོར་རྩ་བ་ནས་གསུངས་མེད་པའི་རྐྱེན་གྱིས་ཕྱི་རབས་པའི་སྣང་ངོར་ཡར་རྒྱབ་པ་ནི་གོང་དཀར་བ་ཡིན་པའི་འཁྲུལ་གཞི་ཆེན་པོ་དེ་བྱུང་བ་དང་། 《རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན་》ན།⒄ སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་ཅེས་པ་དེ་རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རིགས་རྒྱུད་དུ་འཁྲུལ་བ་མ་ཟད།“ཡར་གཙང་སྐུ་གསུམ་དུ་གྲགས་”ཞེས་བསྟན་པ་དེས་གོང་དཀར་བའི་རྒྱུད་པ་རྣམས་ཡར་རྒྱབ་པར་འདོད་པའི་འཁྲུལ་གཞི་དེ་བྱུང་བ་ཡིན། ཡང་།  《ཐོན་མིའི་ཞལ་ལུང་》ཁྲོད་“དབོན་སྲས་རྣམས་ལ་སྡེ་པ་ཡར་རྒྱབ་པ་ཞེས་བྱ་བར་གྲགས་”ཞེས་དེབ་ཐེར་གཞན་ན་མེད་པའི་ཚིག་གཅིག་གསར་དུ་གཏོད་གནང་ཡོད་པ་མ་ཟད། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ནང་གི་“འདི་ཉིད་ཀྱི་དབོན་སྲས་ནས་བཟུང་སྟེ་སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་ཀྱི་བར་དུ་མངའ་ཐང་ཡར་རྒྱས་སུ་གནས་སོ་”ཞེས་པའི་ལུང་ཁ་བསྒྱུར་གནང་སྟེ། “རྒྱལ་བ་ལྔ་པའི་དུས་སུ་ཡར་རྒྱབ་སྡེ་པ་རྣམ་རྒྱལ་སྐུ་མཆེད་ཅེས་གྲགས་པ་ཅན་སོགས་བྱུང་”ཞེས་སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་ནི་སྡེ་པ་ཡར་རྒྱབ་པ་ཡིན་པར་དགོངས་པས། ཡར་གོང་གཉིས་གཅིག་ཏུ་འདོད་པའི་འཁྲུལ་གཞི་དེ་བྱུང་བ་ཡིན།   
           མདོར་ན་ལོ་རྒྱུས་ཀྱི་དེབ་ཐེར་དེ་དག་ནང་ཡར་གོང་གཉིས་གཅིག་ཏུ་བསྟན་པའི་རྐྱེན་གྱིས་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ལ་ཡང་ཡར་གོང་གཉིས་འཁྲུལ་བའི་སྣང་ཚུལ་དེ་དག་བྱུང་བ་ནི་གདོན་མི་ཟའོ།   
           གསུམ། ཡར་གོང་གཉིས་ཀྱི་གནས་ཡུལ་འདབས་སྤྲེལ་ཡིན་པའི་རྐྱེན་གྱིས་འཁྲུལ་གཞི་བྱུང་བ།   
           ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་ཡར་གོང་གཉིས་འཁྲུལ་བའི་རྒྱུ་རྐྱེན་གཞན་ཞིག་ནི། སྡེ་པ་ཡར་རྒྱབ་པ་དང་གོང་དཀར་བ་གཉིས་ཀྱི་སྡེ་གཞིས་ཤར་ནུབ་འདབས་སྦྲེལ་ཡིན་པའམ། ཡར་གོང་གཉིས་ཀྱིས་དབང་བསྒྱུར་བྱེད་པའི་སྡེ་གཞིས་གཙོ་བོ་ནི་སྨད་བྱ་ས་⒅ནས་སྟོད་ཁ་རག་ལའི་བར་གྱི་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དུ་ཡོད་པའི་ས་ཡུལ་རྣམས་ཡིན་པས་ཡིན། དེ་ཡང་དཔེར་ན། དེབ་ཐེར་འགའ་ཤས་ནང་ལྷོ་ཁའི་སྟོད་རྒྱུད་ན་སྡེ་པ་ཡར་རྒྱབ་པ་མངའ་ཐང་མཐོ་ཞེས་འཁོད་པ་ལ་སོགས་པའི་ཚིག་ཟིན་ལས་ལོ་རྒྱུས་སྨྲ་བའི་སྣང་ངོར་དུས་སྐབས་དེར་ལྷོ་ཁའི་སྟོད་རྒྱུད་ཅེས་ན་གྲྭ་དོལ་གཞུང་གསུམ་གྱི་ས་རིས་རྣམས་ལ་གོ་བཞིན་མཆིས་པས། ས་ཆ་དེ་རྣམས་ཆ་ཚང་ཡར་རྒྱབ་པའི་ས་ཁོངས་རེད་སྙམ་སྟེ་ཡར་གོང་གཉིས་གཅིག་ཏུ་འཁྲུལ་ཡོད།   
གཉིས་པ། ཡར་རྒྱབ་པ་དང་གོང་དཀར་བ་གཉིས་སྔེ་པ་ཐ་དད་ཡིན་པའི་སྐོར།   
           གཅིག ཡར་གོང་གཉིས་ཀྱི་སྡེ་དཔོན་ཐ་དད་ཡིན་པའི་སྐོར།   
           ཡར་གོང་གི་དཔོན་པོ་གཅིག་ལྕོགས་སུ་མཛད་མཁན་གྱི་སྐོར་ལ་《ཐོན་མིའི་ཞལ་ལུང་》དང་《སྡེ་པ་ཡར་རྒྱབ་པའི་སྐོར་གྱི་དཔྱད་གླེང་》ཞེས་པའི་ནང་།  དཔོན་གྲྭ་ལྔས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གཅིག་ལྕོགས་སམ་ཟུང་འབྲེལ་དུ་གནང་⒆ཞེས་འཁོད་ཡོད། དེས་སྡེ་པ་ཡར་གོང་གཉིས་ཀྱི་སྡེ་དཔོན་གཅིག་ཡིན་པ་མ་ཟད། ཡར་གོང་གཉིས་སྡེ་པ་གཅིག་རང་ཡིན་པའི་འཁྲུལ་སྣང་སྐྱེད་སྲིད། དེས་ན་སྡེ་པ་ཡར་རྒྱབ་པའི་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གྱི་དཔོན་གནས་གཉིས་མི་གཅིག་གིས་ཟུང་འབྲེལ་དུ་བཞེས་ཡོད་མེད་ནི། ཡར་གོང་གཉིས་སྡེ་པ་གཅིག་ཡིན་མིན་ནམ་གཅིག་འོག་གཅིག་ཏུ་འདུས་ནས་གནས་ཡོད་མེད་སོགས་དང་ཐད་ཀར་འབྲེལ་བའི་གནད་དོན་ཞིག་ཡིན། དོན་དངོས་ཐོག་གྲྭ་ལྔ་རྒྱལ་པོས་ཡར་གོང་གཉིས་ཀྱི་སྡེ་དཔོན་གཅིག་ལྕོགས་སུ་མཛད་མེད་དེ། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུ“དེའི་སྲས་དཔོན་ཆེན་གྲལ་ལྔ། འདི་ཉིད་ཀྱིས་སྐུ་ཚེའི་སྟོད་ལ་གོང་མ་གྲགས་པ་འབྱུང་གནས་ཀྱིས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གྱི་ལས་ཀ་གནང་”⒇ཞེས་འཁོད་པ་འདིས་དཔོན་ཆེན་གྲྭ་ལྔས་སྐུ་ན་ཆུང་ངུའི་དུས་སུ་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གྱི་ལས་གནས་གཉིས་སྔ་རྗེས་སུ་བཞེས་པར་བསྟན་པ་ཙམ་ལས། ཡར་གོང་གཉིས་ཀྱི་དཔོན་པོའི་འགན་གཅིག་ལྕོགས་སུ་བཞེས་པ་རྩ་བ་ནས་བསྟན་མེད་པར་སྙམ་པ་དང་གཅིག 《རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་》ནང་། “དགུང་ལོ་བཅུ་གསུམ་པ་མིག་དམར་ཞེས་པ་ཤིང་ཕོ་བྱི་བ་ལ་ཕོ་བྲང་སྣེའུ་གདོང་དུ། གོང་མ་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོའི་དྲུང་གིས་ཡར་རྒྱབ་དཔོན་ཆེན་གྱི་ལས་ཀ་གནང་།  ......དགུང་ལོ་བཅོ་ལྔ་པ་འཕེལ་བ་ཞེས་པ་མེ་སྟག་གི་ལོ་ལ་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་གྱི་བསྐོན་འཇའ་བཞེས་ཏེ་ཕགས་ཕབ་”(21)ཅེས་དཔོན་གྲྭ་ལྔས་ཡར་གོང་གཉིས་ཀྱི་དཔོན་གནས་བཞེས་པའི་སྔ་ཕྱིའི་དུས་ཚོད་ཧ་ཅང་གསལ་པོར་བསྟན་པ་དང་གཉིས། དེ་བཞིན་《བོད་ལྗོངས་ལོ་རྒྱུས་ཆེན་མོ་》ཞེས་པའི་ནང་རྫོང་པ་ཀུན་དགའ་རྣམ་རྒྱལ་ནི། “སྤྱི་ལོ་༡༤༤༤ལོར་ཕག་མོ་གྲུ་པའི་སྡེ་སྲིད་གྲགས་པ་འབྱུང་གནས་ཀྱིས་ཡར་རྒྱབ་དཔོན་ཆེན་དུ་བསྐོས་པ་དང་།  སྤྱི་ལོ་༡༤༤༦ལོར་གོང་དཀར་རྫོང་དཔོན་དུ་བསྐོས་” (22) ཞེས་དཔོན་གྲྭ་ལྔས་སྔ་རྗེས་སུ་ཡར་གོང་གི་དཔོན་གནས་བཞེས་པའི་སྔ་ཕྱིའི་ལོ་དུས་གསལ་པོར་བསྟན་པ་དང་གསུམ། ཁོང་དང་དུས་མཉམ་པའི་བྱམས་གླིང་པཎ་ཆེན་དང་ལོ་ཆེན་བསོད་ནམས་རྒྱ་མཚོ་སོགས་ཀྱི་རྣམ་ཐར་ནང་དུ་ཡང་དཔོན་གྲྭ་ལྔར་དཔོན་གནས་ཞུ་བའི་སྐོར་འཁོད་ཡོད་ཀྱང་།  ཡར་གོང་གི་སྡེ་དཔོན་གཅིག་ལྕོགས་སུ་གནང་བའི་སྐོར་ཚིག་གཅིག་ཀྱང་གསལ་མེད་པར།   དེ་ལས་ལྡོག་སྟེ་རྣམ་ཐར་དེ་དག་གི་སྔ་ཕྱི་བར་གསུམ་དུ་དཔོན་གྲྭ་ལྔས་གོང་དཀར་གྱི་རྫོང་དཔོན་གནང་རྗེས། ཡར་རྒྱབ་ཏུ་རིན་ཆེན་བཟང་པོས་དཔོན་ཆེན་མཛད་བཞིན་ཡོད་པའི་སྐོར་ཧ་ཅང་གསལ་པོར་འཁོད་ཡོད་པ་དང་བཞི་བཅས་ལས། དཔོན་གྲྭ་ལྔས་ཡར་གོང་གཉིས་ཀྱི་དཔོན་པོ་གཅིག་ལྕོགས་སམ་ཟུང་འབྲེལ་དུ་གནང་ཞེས་པའི་ཚིག་དུམ་དེ་ནི་ལུང་རིགས་གང་གིས་ཀྱང་སྒྲུབ་པར་མི་ནུས་པའི་འདམ་ལ་བཏབ་པའི་ཕུར་པའི་དཔེར་སོང་བའི་གཏམ་དུ་ངེས་ལ། ཐོན་མིའི་གདུང་རྒྱུད་ཕྱི་མའི་ཁྲོད་དུའང་དཔོན་ཆེན་གྲྭ་ལྔ་ཕུད་པའི་ཡར་རྒྱབ་ཀྱི་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གཉིས་ཀ་གནང་མྱོང་བའི་མི་སྣ་གཞན་སུ་གཅིག་ཀྱང་རྙེད་དུ་མེད་པས། དེ་བས་ཀྱང་སྡེ་པ་ཡར་གོང་གཉིས་ཀྱི་སྡེ་དཔོན་ཐ་དད་ཡིན་པ་ཁ་གསལ་ངང་ངེས་ཤེས་བྱ་ཐུབ།  
           མདོར་ན། སྡེ་པ་ཡར་གོང་གཉིས་ཀྱི་དཔོན་པོ་ནི་ཐོན་མིའི་གདུང་རྒྱུད་རྡོ་རྗེ་བཀྲ་ཤིས་ནས་རིམ་བཞིན་གྱེས་པའི་སྐུ་མཆེད་དུ་གྲགས་ཀྱང་།  ཕག་གྲུ་དང་རིན་སྤུངས་སོགས་ཀྱིས་བོད་ཀྱི་སྲིད་དབང་འཛིན་པའི་དུས་སྐབས་ནང་ཡར་གོང་གཉིས་ཀྱི་སྡེ་དཔོན་གྱི་ལས་གནས་དེ་མི་གཅིག་གིས་དུས་གཅིག་ཏུ་འཛིན་པའི་སྲོལ་རྩ་བ་ནས་བྱུང་མེད་པར་མངོན།   
           གཞན་ཡང་ཡར་གོང་གཉིས་ཀྱི་སྡེ་དཔོན་ཐ་དད་ཡིན་པའི་སྐོར་ལ་《དེབ་དམར་གསར་པ་》ལས་ཕག་གྲུའི་སྡེ་སྲིད་ལྔ་པ་་གོང་གྲགས་པ་རྒྱལ་མཚན་གྱི་སྐུ་དུས་སུ་བློན་ཆེན་མགོས་ཆེ་བའི་གྲས་སུ། “གོང་དཀར་བ་ཨ་ནག་བཞི་འཛོམ། ཡར་རྒྱབ་དགེ་བསྙེན་པ་སྐུ་མཆེད་” (23)ཅེས་གོང་དཀར་དུ་དཔོན་ཆེན་ཨ་ནག་བཞི་འཛོམ་སྟེ་དཔོན་བཞི་འཛོམ་དང་།  ཡར་རྒྱབ་ཏུ་དགེ་བསྙེན་པ་སྐུ་མཆེད་ཅེས་དཔོན་ཆེན་ལྷུན་གྲུབ་བཀྲ་ཤིས་སྐུ་མཆེད་དང་བཅས་པའི་སྐོར་བཀོད་ནས་ཡར་གོང་གི་སྡེ་དཔོན་ཐ་དད་ཡིན་པར་བསྟན་པ་དང་། ཕག་གྲུའི་གོང་མ་ཀུན་དགའ་ལེགས་པའི་དུས་སུ “སྡེ་དཔོན་མགོས་ཆེ་བ་ཡང་སྣེའུ་པ་དཔལ་འབྱོར་རྒྱལ་པོ། རིན་སྤུངས་པ་ཀུན་ཏུ་བཟང་པོ། རིན་ཆེན་དཔལ་བཟང། མཚོ་སྐྱེས་རྡོ་རྗེ། ཤཱཀྱ་རྒྱལ་མཚན་ཏེ་སྐུ་མཆེད་བཞི འོལ་ཁ་མཁན་ཆེན་པ། འཕྱོང་རྒྱས་པ་རྡོ་རྗེ་ཚེ་བརྟན། བྲག་དཀར་བ་དངོས་གྲུབ།  རིན་ཆེན་ལྷུན་པོ། དཀོན་མཆོག་དོན་གྲུབ་སྟེ་སྐུ་མཆེད་གསུམ། བྱ་བཀྲ་ཤིས་དར་རྒྱས། གོང་དཀར་བ་གྲྭ་ལྔ་རྒྱལ་པོ། ཡར་རྒྱབ་རིན་ཆེན་རྒྱལ་པོ། བསམ་སྡེ་གྲགས་པ་མཐའ་ཡས། སྐྱིད་ཤོངས་ཕག་སྨྱོན་པ་སོགས་ཡོད་” (24)ཅེས་གོང་དཀར་རྫོང་དཔོན་གྲྭ་ལྔ་རྒྱལ་པོ་དང་ཡར་རྒྱབ་དཔོན་ཆེན་རིན་ཆེན་རྒྱལ་པོ་གཉིས་ཐ་དད་དུ་བསྟན་པ། ཡང་།  “ཡར་རྒྱབ་པ་རིན་ཆེན་རྒྱལ་པོ་སྐུ་མཆེད། གོང་དཀར་བ་ལྷ་དབང་ཀུན་དགའ་” (25)ཞེས་ཡར་རྒྱབ་དཔོན་ཆེན་རིན་ཆེན་རྒྱལ་པོ་དང་དེའི་སྐུ་མཆེད་རིན་ཆེན་དོན་ཡོད་དང་། གོང་དཀར་བ་ལྷ་དབང་ཀུན་དགའ་ཞེས་གོང་དཀར་གྱི་སྡེ་དཔོན་ལ་དཔོན་གྲྭ་ལྔའི་སྲས་ལྷ་དབང་ཀུན་དགའ་སོ་སོར་བསྟན་པ་བཅས། དངོས་དོན་དེ་དག་ལས་ཡར་གོང་གཉིས་ཀྱི་སྡེ་དཔོན་ནི་ཐ་དད་དུ་ཡིན་པ་ཧ་ཅང་གསལ་པོར་ཤེས་ཐུབ།  དེ་བཞིན་《ཆོས་འབྱུང་མཁས་པའི་དགའ་སྟོན་》དང་《བཀའ་རྒྱུད་གསེར་ཕྲེང་》སོགས་ལོ་རྒྱུས་དེབ་ཐེར་ཁག་དང་།  དུས་སྐབས་དེར་ཡར་གོང་ཁུལ་དུ་རྒྱུན་རིང་འཚོ་གཞེས་གནང་བའི་སྐྱེས་བུ་དམ་པ་ཆོའི་མཛད་རྣམ་ཁག་ལས་ཀྱང་སྡེ་པ་ཡར་གོང་གཉིས་ཀྱི་སྡེ་དཔོན་ཐ་དད་ཡིན་པ་སྔར་བས་གསལ་པོར་མཐོང་ཐུབ་ལ། སྡེ་པ་སོ་སོར་བྱུང་བའི་དཔོན་རབས་ཀྱི་མཚན་ཡང་གྲངས་འདྲེན་ཐུབ་པ་འདི་ལྟ་སྟེ། སྡེ་པ་ཡར་རྒྱབ་པའི་དཔོན་ཆེན། དྲུང་ཆེན་ཚུལ་ཁྲིམས་རྒྱལ་མཚན་(26)དང་དེའི་སྲས་ལྷུན་གྲུབ་བཀྲ་ཤིས།(27)དཔོན་གྲྭ་ལྔ་རྒྱལ་པོ།(28)དཔོན་ཆེན་རིན་ཆེན་བཟང་པོ།(29)དཔོན་ཆེན་རིན་ཆེན་རྒྱལ་པོ།(30) ནང་སོ་རིན་ཆེན་དོན་ཡོད།(31) དཔོན་ཆེན་རིན་ཆེན་བཀྲ་ཤིས།(32)སྡེ་པ་ཀུན་རྒྱལ།(33) ཞབས་དྲུང་བདུད་འདུལ་གྲགས་པ་(34)ལ་སོགས་པའི་དཔོན་ཆེན་རྣམས་དང་།  ཐུ་མིའི་རྒྱུད་པ་ལས་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་ཐོག་མ་ནི་ཕག་གྲུའི་གོང་མ་གྲགས་པ་རྒྱལ་མཚན་གྱི་དུས་སུ་བསྐོས་པའི་དཔོན་བཞི་འཛོམ་ཡིན་ཞིང་།  མིང་རྒྱལ་རབས་ཀྱི་ཡིག་ཚང་ལྟར་ན། དཔོན་བཞི་འཛོམ་གྱི་སྐུ་དུས་སུ་མིང་ཀྲུང་དབྱང་སྲིད་གཞུང་གིས་གོང་དཀར་དུ་ཡང་སྣེའུ་རྫོང་དང་འདྲ་བར་ཞིང་ཏུའུ་གྲེ་ཧུད་ཧྲེ་སི་(35)ཞེས་པ་བཙུགས་པ་མ་ཟད། སྤྱི་ལོ་༡༤༦༢ལོར་མིང་གོང་མ་ཤོན་ཏིས་དཔོན་བཞི་འཇོམ་ལ་ཏུའུ་གྲེ་ཧུད་ཆན་ཧྲེ་ཞེས་པའི་ཆོ་ལོ་དང་དངུལ་ཐམ། བཀའ་གཏན་སོགས་བསྩལ་(36)ཡོད།  དེ་རྗེས་དཔོན་བཞི་འཛོམ་གྱི་སྲས་རྒྱལ་བ་ཤེས་རབ་(37)དང་དེའི་སྲས་དཔོན་གྲྭ་ལྔ།(38) དེའི་སྲས་ལྷ་དབང་ཀུན་དགའ་(39)རྣམས་ཀྱིས་རིམ་པ་བཞིན་དུ་གོང་དཀར་རྫོང་དཔོན་གྱི་བསྐོན་འཇའ་བཞེས་པ་ལོ་རྒྱུས་ཀྱི་ཡིག་ལམ་ཁག་ནང་གསལ་བར་འཁོད་ཡོད། དེ་བཞིན་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་མཚམས་སུ་གོང་དཀར་གཞིས་ཀར་ཐུ་མིའི་གདུང་རྒྱུད་ཉག་ཕྲ་བར་སོང་བ་དང་ཆབས་ཅིག་ཕག་གྲུ་ཡང་ནང་ཞིག་ལྟ་བུར་སོང་སྟེ་ཞབས་དྲུང་ངག་དབང་གྲགས་པའི་གདུང་རྒྱུད་རྣམས་ཀྱིས་སླར་ཡང་གོང་དཀར་རྫོང་གི་བདག་སྐྱོང་འཛིན་དབང་ཐད་ཀར་བཟུང་བས། དུས་དེ་ནས་སྤྱི་ལོ་༡༦༤༢ལོར་དགའ་ལྡན་ཕོ་བྲང་གི་སྲིད་དབང་མ་བཙུགས་པའི་བར་སྡེ་པ་གོང་དཀར་བ་ཞེས་པ་ནི་ཕག་གྲུ་རླངས་ཀྱི་རྒྱུད་པ་ལས་བྱུང་བ་ཤ་སྟག་ཡིན་ནོ །  
གཉིས། ཡར་གོང་གཉིས་ཀྱི་སྡེ་གཞིས་ཐ་དད་ཡིན་པའི་སྐོར།  
           སྡེ་པ་ཡར་རྒྱབ་པ་དང་སྡེ་པ་གོང་དཀར་བ་གཉིས་ཐ་དད་ཡིན་ན་དེ་གཉིས་སོ་སོས་བཟུང་བའི་སྡེ་གཞིས་ཀྱི་ཁྱབ་ཁོངས་ཀྱང་ཐ་དད་ཡིན་དགོས་པས། གཤམ་དུ་ཡར་གོང་གཉིས་ཀྱི་སྡེ་གཞིས་སྐོར་གླེང་བར་བྱ་སྟེ། དེ་ཡང་སྡེ་པ་ཡར་རྒྱབ་པའི་སྲིད་དབང་གི་ཁྱབ་ཡུལ་ནི་གྲྭ་དོལ་གཉིས་གཙོ་བོར་འགྱུར་བའི་ལྷོ་རྒྱུད་ཀྱི་ས་ཆ་ཁག་སྟེ། སྡེ་པ་ཡར་གོང་གཉིས་ཀྱི་ས་མཚམས་ལྟ་བུ་ནི་ལྷོ་བྱང་འཕྲེད་དུ་ཉལ་བའི་སྣ་བོ་ལ་རྩེའི་(40)རི་རྒྱུད་དེ་ཡིན་ཞིང་།  སྨད་རྩེད་ཐང་ཕྱོགས་ཀྱི་བྱ་ས་ནས་སྟོད་སྣ་བོ་ལ་རྩེའི་བར་གྱི་ས་རིས་རྣམས་ཡིན་པ་དང་།  དེའི་ནང་གྲྭ་ཕྱི་དང་གྲྭ་ནང་། དོལ་བཅས་ཡུལ་ལུང་ཆེ་ཁག་གསུམ་དང་། དེ་དག་ལས་གྲྭ་ཕྱིའི་ཁུལ་དུ་ལྷུན་གྲུབ་གླིང་དང་།  གྲྭ་ནང་ཁུལ་དུ་རྒྱལ་ཆེན་གླིང་དང་བྱམས་པ་གླིང་། དཔལ་འབྱོར་རབ་བརྟན། དར་རྒྱས་གླིང་། དེ་བཞིན་དོལ་གྱི་ཁུལ་དུ་བཀྲ་ཤིས་རྣམ་རྒྱལ་དང་ལྷུན་གྲུབ་ལྷ་རྩེ། ལྷུན་གྲུབ་སྒང་། ཡར་འབྲོག་གཡུ་མཚོའི་ཤར་རྒྱུད་དུ་འབྲོག་སྒ་འདྲ་དང་།  ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་མཚོ་རྒྱལ་གླིང་དང་སྐྱོར་མོ་ལུང་སོགས་ནི་ཡར་རྒྱབ་པའི་སྡེ་གཞིས་ཡིན་པ་ལོ་རྒྱུས་ཡིག་ཚང་ཁག་ནང་གསལ་པོར་འཁོད་ཡོད།   
           སྡེ་པ་གོང་དཀར་བའི་སྡེ་གཞིས་ཀྱི་ཁྱབ་ཡུལ་གཙོ་བོ་ནི་སྨད་སྣ་བོ་ལ་རྩེའི་རི་རྒྱུད་ནས་སྟོད་ཇོ་མོ་ཁ་རག་བར་གྱི་ས་ཆ་རྣམས་ཡིན་ཞིང་། དེ་ཡང་གོང་དཀར་བར་གཏོགས་པའི་ཞིབ་ཕྲའི་མངའ་ཁོངས་ནི་གྲྭ་དོལ་གཞུང་གསུམ་དུ་གྲགས་པའི་གཞུང་ཁུལ་གྱི་རྣམ་རྒྱལ་རབ་བརྟན་དང་དགའ་ལྡན་ལྷ་རྩེ།   སྐྱིད་མོ་གཤོང་།  བརྒྱད་དྲུག་གླིང་ལ་སོགས་པའི་ས་རིས་རྣམས་དང་བཙན་པོའི་རྒྱལ་རབས་སྐབས་ནས་དར་བའི་ས་མིང་དུ་བསྐུལ་དང་འཕྱིང་རུར་གྲགས་པའི་ས་ཆ་རྣམས། དེ་མིན་གན་པ་ལ་དང་འདབས་འབྲེལ་བའི་བྱང་ཐང་ཞེས་པའི་ཡུལ་ལུང་ངམ་ཇོ་མོ་ཁ་རག་གི་ཤར་རྒྱུད། ཡར་ཀླུང་གཙང་པོའི་བྱང་ཕྱོགས་ཀྱི་སྲིན་པོ་རི་དང་སྙེ་ཐང་བདེ་བ་ཅན་སོགས་ཀྱི་ས་ཆ་རྣམས་ཡིན་པ་དེབ་ཐེར་ཁག་ནང་གསལ་ལེར་འཁོད་ཡོད།   
           གཞན་ཡང་།  《ཐུ་བཙུན་བྱམས་པ་གླིང་པ་ཆེན་པོའི་རྣམ་ཐར་》ནང་བྱམས་གླིང་པཎ་ཆེན་དགུང་ལོ་༦༡ལ་ཕེབས་སྐབས་དཔོན་གྲྭ་ལྔས་གོང་དཀར་དུ་གདན་དྲངས་ཏེ་རབ་བྱུང་གི་སྡོམ་པ་ཞུས་པས་མཚན་ཡང་ཀུན་དགའ་རྣམ་རྒྱལ་དུ་གྲགས།“ཆོས་རྗེ་ཀུན་དགའ་རྣམ་རྒྱལ་བས་གཞུང་ནས་ས་ཆ་བོགས་ཁལ་བརྒྱ་ལྷག་ཙམ་ཐོན་པ་ལ་སོགས་པའི་འབུལ་བ་ཡང་ཆེ་ཐང་མཛད་” (41)ཅེས་པ་ལྟར།   དཔོན་གྲྭ་ལྔས་བྱམས་གླིང་པཎ་ཆེན་ལ་གོང་དཀར་བའི་ས་རིས་གཞུང་ཞེས་པའི་ས་ཆ་ནས་མཆོད་གཞིས་བསྩལ་བ་ལས། གོང་དཀར་བའི་ས་རིས་སྡེ་གཞིས་ཀྱི་བདག་དབང་ནི་རྫོང་པ་ཀུན་དགའ་རྣམ་རྒྱལ་ལ་ཡོད་པ་ལས་དེ་ཉིད་ཡར་རྒྱབ་པ་དང་འབྲེལ་བ་མེད་པ་རྟོགས་ཐུབ་ལ། ཁྱད་པར་དུས་སྐབས་དེ་རང་དུ་“བསམ་གཏན་གླིང་གི་མཁར་ལས་གྲུབ་རྗེས་ནང་སོ་ཆེན་པོ་དྲུང་ཆེན་རིན་ཆེན་བཟང་པོ་བ་དང་། རྗེ་བཙུན་ཆེན་མོ་རྡོ་རྗེ་བདེ་མ་ཡབ་ཡུམ་པའང་བསམ་གཏན་གླིང་དུ་ཕེབས་ཏེ་གཟིམ་ཁང་དུ་ཕྲལ་དགོས་ཀྱི་གདན་ཆ་དང་། ཕོར་སྡེར།   དཀར་སྤྱད་ལ་སོགས་པའི་ཐབ་ཆ་སྐོར་ཚང་མ་དང་བོགས་ཁལ་སུམ་བརྒྱ་ཙམ་ཐོན་པའི་ས་ཆ་ཡང་ཕུལ་” (42)ཞེས་ཡར་རྒྱབ་པའི་དཔོན་ཆེན་རིན་ཆེན་བཟང་པོས་དོལ་གྱི་ཁུལ་ནས་བྱམས་གླིང་པཎ་ཆེན་ལ་མཆོད་གཞིས་བསྩལ་བའི་སྐོར་འཁོད་པ་དེ་ལས་ཀྱང་། དོལ་ལ་སོགས་པའི་ས་རིས་རྣམས་སྡེ་པ་གོང་དཀར་བ་དང་འབྲེལ་བ་མེད་པའི་གནད་དོན་སྔར་བས་ཁ་གསལ་དུ་སོང་ཡོད་ན། སྡེ་པ་ཡར་གོང་གཉིས་ནི་ཐོན་མིའི་རྒྱུད་ལས་མཆེད་པ་གང་ཞིག་ལ་སྡེ་གཞིས་ཐ་དད་ཡིན་པའི་སྡེ་པ་ཆེ་གྲས་ཁག་གཉིས་ཡིན་པ་ཁ་ཚོན་བཅད་ནས་བརྗོད་ཆོག   
           གསུམ། སྡེ་པ་ཡར་གོང་གཉིས་ཀྱི་སྡེ་གཞིས་ཀྱི་ལྟེ་གནས་ཐ་དད་ཡིན་པའི་སྐོར།   
           ཡར་རྒྱབ་པའི་སྡེ་གཞིས་ཀྱི་ལྟེ་བའི་སྐོར་ལ་《ཐོན་རིགས་ཀྱི་ལོ་རྒྱུས་སྐོར་གླེང་བ་》ཞེས་པའི་དཔྱད་རྩོམ་ནང་དུ “དེ་ནས་བཟུང་ལྷོ་ཁ་གོང་དཀར་དེ་བཞིན་ཡར་རྒྱབ་པའི་སྡེ་གཞིས་ཀྱི་ལྟེ་གནས་སུ་ཆགས་པའོ་” (43)ཞེས་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་ཆེ་བ་དང་འདྲ་བར་གཞིས་ཀ་གོང་དཀར་དེ་ཡར་རྒྱབ་པའི་སྡེ་གཞིས་ཀྱི་ལྟེ་གནས་ལྟ་བུར་ངོས་འཛིན་གནང་འདུག་ནའང་། དེ་ནི་མི་འཐད་པར་སྙམ་ཞིང་།  ཡང་《སྡེ་པ་ཡར་རྒྱབ་པའི་སྐོར་གྱི་དཔྱད་གླེང་》ཞེས་པའི་དཔྱད་རྩོམ་ནང་། “གྲ་ནང་རྫོང་མཁར་ནས་ལྷོ་ནུབ་མཚམས་སུ་སྤྱི་ལེ་གཅིག་ལྷག་ཙམ་གྱི་དར་རྒྱས་གླིང་ལྕང་གསེབ་གྲོང་དུ་གཞིས་མཁར་རྙིང་པ་ཞེས་པའི་གྱང་ཁོག་གནའ་ཤུལ་ཞིག་ཡོད་” (44)ཅེས་དང་།  “ཡར་རྒྱབ་པའི་མི་རྒྱུད་ཀྱི་འཚོ་གཞིས་དང་། སྲིད་དབང་གི་ལྟེ་གནས་ནི་སྔ་ཕྱི་བར་གསུམ་དུ་ཡུལ་གྲ་ནང་དུ་ཡིན་པར་བསྙོན་དུ་མེད་” (45)ཅེས་པའི་སྡོམ་ཚིག་ཅིག་ཀྱང་བཀོད་འདུག་པར་བསམས་ཚེ །  “གྲ་ནང་”ཞེས་པ་དེ་དེང་གི་སྲིད་འཛིན་དབྱེ་སྟངས་ལྟར་གྲྭ་ཕྱི་ནང་གཉིས་ཚུད་པའི་ཡུལ་ལུང་ལ་གྲྭ་ནང་ཕྱོགས་ཞེས་གོ་བ་བླངས་ན་དེར་རྒྱུ་མཚན་ངེས་ཅན་ཞིག་ལྡན་པར་སྙམ་རུང་། གལ་ཏེ་མིང་དེ་གྲྭ་ཕྱི་ནང་གཉིས་ལས་གྲྭ་ནང་པའི་ཡུལ་ཁོ་ན་ལ་གོ་ན། དེ་ནི་ཁས་ལེན་བྱ་ཐབས་མེད་པའི་ལོ་རྒྱུས་ཀྱི་གནད་དོན་ཞིག་ཏུ་མཐོང་། གང་ལགས་ཤེ་ན། 《པཎ་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པའི་རྣམ་ཐར་》དུ།  “དེ་དུས་སུ། ཆེན་པོ་བློ་འཕེལ་བ་དཔོན་སློབ་རྣམས་གྲྭ་བཀྲ་བས་སྡིངས་དང་།  གཙོ་བོ་གྲོང་།  གྲྭ་ཕྱི།   རྒྱལ་སོགས་སུ་ཆོས་བར་ལ་ཐེགས་པ་ན། ཆོས་བར་གྱི་ཞབས་ཏོག་ཀྱང་།  རྒྱལ་ཆེན་གླིང་དང་ཡར་རྒྱབ་སོགས་ནས་མཛད་” (46)ཅེས་གྲྭ་ནང་རྒྱལ་ཆེན་གླིང་དང་ཡར་རྒྱབ་གཉིས་ཐ་དད་དུ་བསྟན་པས།  དུས་སྐབས་དེར་ཡར་རྒྱབ་ཅེས་པ་གྲྭ་ནང་རྒྱལ་ཆེན་གླིང་དང་ཐ་དད་པའི་ཡུལ་ལུང་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ་ལ། ཡང་“ཤིང་ཕོ་འབྲུག་གི་ལོར་སྐྱིད་ཤོད་ཕྱོགས་སུ་གྲྭ་བསྐོར་ལ་ཐེགས་པ་ལ། གྲྭ་སྐོར་མ་ཚར་བར།  ཐབ་ཁ་ཡར་རྒྱབ་ལྷུན་གྲུབ་གླིང་ནས་བཟུང་” (47)ཞེས་དང་།  “དེའི་ཚེ་ཡར་རྒྱབ་ལྷུན་གྲུབ་གླིང་ནས་ཆས་ཁ་བཏེགས་ནས། དགེ་འདུན་སུམ་བརྒྱ་ཙམ་ལ་ཚ་བྲ་བཟང་པོ་མང་ཇ་དང་བཅས་པ་མཛད་” (48)ཅེས་པ་བཅས་ལས། གྲྭ་ཕྱི་ལྷུན་གྲུབ་གླིང་ནི་ཡར་རྒྱབ་པའི་སྡེ་གཞིས་ཡིན་པར་བསྟན་པ་མ་ཟད། 《རྒྱལ་ཆེན་གླིང་གི་འབུམ་ཆེན་དཀར་ཆག་》ཅེས་པའི་ནང་དུའང་། “དེ་ལ་རིགས་ཀྱི་མེ་ཏོག་སྲས་བཞི་སྟེ། །གཅིག་ནི་འཇིག་རྟེན་དགེ་བའི་བློ་གྲོས་ཅན། །རྒྱལ་ས་ལྷུན་གྲུབ་གླིང་གི་ཕོ་བྲང་གི ། མི་དམན་བཀྲ་ཤིས་བསྐྱེད་པར་བྱེད་པ་སྟེ། །” (49)ཞེས་“རྒྱལ་ས་ལྷུན་གྲུབ་གླིང་”ཞེས་གསལ་བ་སོགས་ལས། དུས་རབས་བཅོ་ལྔ་པའི་དུས་འགོར་ཡར་རྒྱབ་པའི་སྡེ་གཞིས་ཀྱི་ལྟེ་གནས་ནི་གྲྭ་ནང་དུ་མེད་པར་གྲྭ་ཕྱི་ལྷུན་གྲུབ་གླིང་ཞེས་པའི་གནས་དེར་ཡིན་པ་རིགས་འདེད་བྱ་ཐུབ།   
           འོན་ཀྱང་དུས་རབས་རིམ་བྱུང་གི་ལོ་རྒྱུས་འཕེལ་རིམ་ཁྲོད། ཡར་རྒྱབ་པའི་སྡེ་གཞིས་ཀྱི་ལྟེ་གནས་ལ་ཡང་འཕོ་འགྱུར་ཅུང་ཟད་བྱུང་ཡོད་དེ།  《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་།  “གཞིས་ཀ་གོང་དཀར་ནས་དང་འཕྱོང་རྒྱས་པ།  རྒྱལ་ཆེན་གླིང་པ་སོགས་སོ་སོ་ནས་ཇ་འདྲེན་ཕུལ་ཞིང་།  བྱིང་པ་མ་ཆེན་གྱིས་གཙུག་ཕུད་ཕུལ་ཡོངས་རྫོགས་ཀྱི་དགེ་བསྙེན་ཞུས་ཐུན་མོང་མ་ཡིན་པའི་དད་པས་རྩ་བའི་བླ་མ་གཅིག་པུ་པར་འཛིན་ནོ་” (50)ཞེས་པ་དང་།  《བཀའ་རྒྱུད་གསེར་ཕྲེང་》ལས། “ཡར་རྒྱབ་དཔོན་ཆེན་པ་མཆེད་སོགས་ཀྱིས་སྤྱན་འདྲེན་རིམ་འབྱོར་བཞིན། རྒྱལ་ཆེན་གླིང་དུ་ཕེབས་ཏེ་ལྕགས་ཕོ་རྟ་ལོའི་ལོ་སར་སྨོན་ལམ་རྒྱས་པར་གནང་” (51)ཞེས་པ་སོགས་ཡར་རྒྱབ་པའི་མཚོན་བྱེད་དུ་རྒྱལ་ཆེན་གླིང་བཀོད་ཡོད་པས། དེ་དག་གི་ཐོག་ནས་ཡར་རྒྱབ་པའི་སྡེ་གཞིས་ཀྱི་ལྟེ་བ་ནི་དུས་རབས་རིམ་བྱུང་ནང་གྲྭ་ཕྱི་ལྷུན་གྲུབ་གླིང་ནས་རིམ་བཞིན་གྲྭ་ནང་རྒྱལ་ཆེན་གླིང་སོགས་གྲྭའི་ཡུལ་ལུང་གཞན་དུ་ཡོད་པའི་སྡེ་གཞིས་ཀྱི་ཐོག་ཏུ་གནས་སྤོ་བྱུང་བ་ལམ་ཙམ་ཤེས་ཐུབ། དེས་ན་སྡེ་པ་ཡར་རྒྱབ་པས་གྲྭ་དོལ་གཉིས་གཙོ་བོར་གྱུར་བའི་ཡུལ་ལུང་རྣམས་སུ་ལོ་ངོ་ཉིས་བརྒྱ་ཙམ་དབང་བསྒྱུར་བྱེད་པའི་ལོ་ཟླའི་ནང་ཡར་རྒྱབ་པའི་སྡེ་གཞིས་ཀྱི་ལྟེ་གནས་ནི་ཡུལ་གྲྭ་ཕྱི་ནང་གི་ཁོངས་སུ་ཡོད་པའི་སྡེ་གཞིས་ཆེ་ཁག་གི་ཐོག་ཏུ་སྤོས་པ་ལས་གོང་དཀར་ཁུལ་དུ་རྩ་བ་ནས་སྤོས་མེད་པའམ་གནས་མེད་པ་ནི་ལོ་རྒྱུས་ཀྱི་དེབ་ཐེར་དང་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་སོགས་ལས་གསལ་པོར་ཤེས་ཐུབ་བོ།   
           གོང་དཀར་བའི་སྡེ་གཞིས་ཀྱི་ལྟེ་གནས་སྐོར་བརྗོད་ན་འདི་ལྟ་སྟེ། གཞིས་ཀ་གོང་དཀར་རམ་གོང་དཀར་རྫོང་ཞེས་པ་ནི་ཡར་ཀླུང་གཙང་པོ་དང་ལྷ་སའི་སྐྱིད་ཆུ་འདྲེས་མཚམས་ཀྱི་ལྷོ་རྒྱུད་དུ་ཡོད་པའི་གོང་རི་དཀར་པོར་(52)གྲགས་པའི་རི་རྒྱུད་ཀྱི་རི་སྣ་འབུར་དུ་ཐོན་པ་དེའི་ཐོག་བཞེངས་པའི་རྫོང་བཙན་དེ་ཡིན་ཞིང་། དེ་ནི་ཕག་གྲུའི་སྡེ་སྲིད་དང་པོ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་འཛིན་མའི་ས་མདུད་རྣམས་སུ་གོང་དཀར་དང་།  བྲག་དཀར།   སྣེའུ།  འོལ་ཁ།   སྟག་རྩེ།  ལྷུན་པོ་རྩེ། བསམ་གྲུབ་རྩེ། ལྷུན་གྲུབ་རྩེ། རིན་སྤུངས་སོགས་རྫོང་ཆེན་བཅུ་གསུམ་བརྩིགས་(53)པའི་རྫོང་ཆེན་བཅུ་གསུམ་གྱི་དང་པོ་གོང་དཀར་ཞེས་བྱ་བ་དེ་ཡིན་ཞིང་།  ཕག་གྲུའི་སྡེ་སྲིད་་གོང་གྲགས་པ་རྒྱལ་མཚན་གྱིས་དཔོན་བཞི་འཛོམ་མི་རྒྱུད་དང་བཅས་པར་རྫོང་དེའི་བདག་དབང་འཛིན་སྐྱོང་བྱེད་ཆོག་པའི་བཀའ་གཏན་བསྩལ་བ་ནས་བཟུང་ཐོན་མིའི་རྒྱུད་པ་རྣམས་ཀྱིས་ལོ་ངོ་བརྒྱ་དང་ལྔ་བཅུ་ཙམ་གྱི་རིང་རྫོང་དཔོན་གྱི་འགན་འཁུར་བསྐྱངས། རྫོང་གཞིས་ཀྱི་ལྟེ་བ་ཡང་ཕྱིས་ཕོ་བྲང་གོང་རི་དཀར་པོར་གྲགས་པའི་རྫོང་བཙན་དེ་ཡིན་པ་ཡིག་ཚང་ཁག་ལས་རྟོགས་ནུས་ཏེ། 《བྱམས་གླིང་པཎ་ཆེན་གྱི་རྣམ་ཐར་》བ“དེ་ནས་གཞིས་ཀ་གོང་དཀར་ལ་ཐེགས་ནས་ཟླ་བ་བཞི་པའི་ནང་དུ་གོང་མ་གྲགས་པ་རྒྱལ་མཚན་པའི་ལོ་དུས་ཀྱི་སྒྲུབ་མཆོད་ཆེན་མོ་ཞིག་གོང་དཀར་མངའ་ཞབས་ཀྱི་སྡེ་དགོན། སྤྲེལ་ཞིང་དང་།  རིན་ཆེན་སྟེང་། བྲག་ཐོག ལྷུན་པོ་སྒང་སོགས་ནས་སྔགས་པ་མང་པོ་བསགས་ནས་མཛད་ཀྱི་འདུག་” (54)ཅེས་དང་།  《བཀའ་རྒྱུད་གསེར་ཕྲེང་》བ “གོང་དཀར།   རིན་སྤུངས། འཕྱོང་རྒྱས། ཡར་རྒྱབ། ཡར་སྟོད། སྐུ་རབ། ཀོངཔོའི་དཔོན་རྒྱ་བདག་ལ་སོགས་པ་བླ་མ་སློབ་དཔོན་དང་།  སྡེ་དཔོན་རིགས་ཀུན་ནས་ཇ་འདྲེན་གྱི་འབུལ་བ། སྤྱན་འདྲེན་གྱི་མི་སྣ་སོ་སོ་ནས་གཏོས་ཆེ་བ་འབྱོར།   དཔོན་ས་གོང་མ་གཤེགས་པའི་དགོངས་རྫོགས་བསྔོ་རྟེན་ཀྱང་འབྱོར་” (55)ཞེས་པ།《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ།  “གཞིས་ཀ་གོང་དཀར་ནས་དང་འཕྱོང་རྒྱས་པ། རྒྱལ་ཆེན་གླིང་པ་སོགས་སོ་སོ་ནས་ཇ་འདྲེན་ཕུལ་ཞིང་།  བྱིང་པ་མ་ཆེན་གྱིས་གཙུག་ཕུད་ཕུལ་ཡོངས་རྫོགས་ཀྱི་དགེ་བསྙེན་ཞུས་ཐུན་མོང་མ་ཡིན་པའི་དད་པས་རྩ་བའི་བླ་མ་གཅིག་པུ་པར་འཛིན་ནོ་” (56)ཞེས་བྱུང་བ་སོགས་ལྟ་བུ་སྟེ། དེ་དག་ལས་གཞིས་ཀ་གོང་དཀར་ནི་སྡེ་པ་གོང་དཀར་བའི་སྡེ་གཞིས་ཀྱི་ལྟེ་གནས་ཡིན་པ་ལས། ཡར་རྒྱབ་པའི་སྡེ་གཞིས་ཀྱི་ལྟེ་གནས་མ་ཡིན་པ་སྔར་བས་ངེས་ཤེས་འདྲོང་ཐུབ་ལ། ལྷག་དོན་དུ་སྡེ་པ་གོང་དཀར་བ་ཞེས་བྱ་བ་དེ་ཡང་གོང་དཀར་ཞེས་པའི་ས་མིང་དེ་སྡེ་པའི་མིང་ལ་ཐོགས་པར་སྣང།   
           བཞི། སྡེ་པ་ཡར་གོང་གཉིས་གནས་པའི་དུས་ཚོད་ཐ་དད་ཡིན་པའི་སྐོར།   
           ཐོན་མིའི་གདུང་རྒྱུད་ཕྱི་མ་ལས་རྡོ་རྗེ་བཀྲ་ཤིས་ཀྱི་སྲས་གཉིས་པ་དྲུང་ཆེན་ཚུལ་ཁྲིམས་རྒྱལ་བར་ཕག་གྲུའི་སྲིད་རབས་ལྔ་པ་མི་དབང་གྲགས་པ་རྒྱལ་མཚན་གྱིས་ཡར་རྒྱབ་དཔོན་ཆེན་གྱི་འཇའ་ས་གནང་བ་ནས་བཟུང་།  གྲྭ་དོལ་གཉིས་གཙོ་བོར་གྱུར་བའི་ཡུལ་དུ་དེའི་སྐུ་མཆེད་རྣམས་ཀྱིས་དབང་བསྒྱུར་བྱས་ན་སྡེ་པ་ཡར་རྒྱབ་པ་ཞེས་བྱ་བར་གྲགས། དུས་རབས་བཅུ་བཞི་པའི་དུས་མཇུག་ཏུ་ཡར་རྒྱབ་པའི་སྲིད་དབང་འགོ་ཚུགས་པ་ནས་སྤྱི་ལོ་༡༦༡༡ལོར་གཙང་པ་སྡེ་སྲིད་ཀྱིས་ཡར་རྒྱབ་པ་མ་བཅོམ་པའི་བར་གྱི་ལོ་ངོ་ཉི་བརྒྱ་ཙམ་གྱི་ནང་ཡར་རྒྱབ་ཁུལ་གྱི་སྲིད་ཀྱི་ཁ་ལོ་ནི་རྡོ་རྗེ་བཀྲ་ཤིས་ཀྱི་གདུང་རྒྱུད་རྣམས་ཀྱིས་བསྒྱུར་ཡོད།  
           ཐོན་མིའི་གདུང་རྒྱུད་ལས་སྡེ་པ་གོང་དཀར་བའི་སྲིད་དབང་ཡང་གོང་གྲགས་པ་རྒྱལ་མཚན་གྱི་སྐུ་དུས་སུ་དཔོན་བཞི་འཛོམ་མི་རྒྱུད་དང་བཅས་པར་གོང་དཀར་རྫོང་དཔོན་གྱི་བསྐོན་འཇའ་གནང་བ་ནས་བཟུང་སྡེ་པ་གོང་དཀར་བ་ཞེས་པར་གྲགས། སྡེ་པ་གོང་དཀར་བའི་སྲིད་དབང་ནི་དུས་རབས་བཅུ་བཞིའི་དུས་མཇུག་ཏུ་འགོ་ཚུགས་པ་ནས་དགའ་ལྡན་ཕོ་བྲང་མ་བཙུགས་པའི་ཡར་སྔོན་བར་ལོ་ངོ་ཉིས་བརྒྱ་ལྔ་བཅུ་ཙམ་གནས་ཐུབ་པ་བྱུང་ཡོད་ཅིང་།  དུས་སྐབས་དེའི་རིང་སྡེ་པ་གོང་དཀར་བའི་འཛིན་སྐྱོང་གི་དབང་ཆ་ནི་རིགས་རྒྱུད་མི་གཅིག་པ་གཉིས་ཀྱིས་སྔ་རྗེས་སུ་འཛིན་མྱོང་བ་སྟེ། དེའི་ནང་ལོ་ངོ་བརྒྱ་དང་ལྔ་བཅུ་ཙམ་ཐོན་མིའི་གདུང་རྒྱུད་ཕྱི་མ་དཔོན་བཞི་འཛོམ་དང་དཔོན་གྲྭ་ལྔ་སོགས་ཀྱིས་བཟུང་བ་དང་། ཕྱིས་ཀྱི་ལྷག་མའི་ལོ་བརྒྱ་སྐོར་རིང་གི་སྲིད་དབང་ནི་ཕག་གྲུ་རླངས་ཀྱི་གདུང་རྒྱུད་ཀྱིས་བཟུང་བ་ཡིན། དེ་ཡང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ནང་།  ཕག་གྲུའི་སྡེ་སྲིད་ངག་དབང་བཀྲ་ཤིས་གྲགས་པས་“རིན་སྤུངས་ཀྱི་སྲས་མོ་ཞིག་ཁབ་ཏུ་བཞེས་པར་སྲས་གོང་མ་འགྲོ་བའི་མགོན་པོ་དང་། སྤྱན་སྔ་གྲགས་འབྱུང་བ་གཉིས་ལས།  གོང་མ་འགྲོ་བའི་མགོན་པོ་གོང་དཀར་དུ་ཕེབས་” (57)ཞེས་དང་།  “འགྲོ་བའི་མགོན་པོ་གཤེགས་པའི་གདུང་རྟེན་རིན་པོ་ཆེའི་ཕྲ་ཚོམས་ཀྱིས་སྤྲས་པ་ཕོ་བྲང་གོང་རི་དཀར་པོར་བཞེངས་” (58)ཞེས་དང་།  ངག་དབང་གྲགས་པས་ཕག་གྲུའི་དབང་ཆ་འཕྲོག་རྗེས། སྐབས་ཤིག་རིང་“གོང་དཀར་དུ་བཞུགས་པ་ལ་ཡང་བསྐོར་རྒྱག་ཆ་གྲུལ་ཆེ་བ་བྱུང་སྐབས། ‘གོང་དཀར་འདི་དབུས་གཙང་གཉིས་ཀྱི་མདུད་འཇོམས་པའི་ལྟེ་བ་ལྟ་བུར་འདུག་པས་རང་རེའི་མི་ངོ་ཞིག་གིས་མ་བཟུང་ན་བོད་ཀྱི་བདེ་སྐྱིད་ལ་གནོད་པས་རྫོང་གཏོད་མི་དགོས”ཚུལ་གྱི་གོང་མའི་བཀའ་ཤོག་གོང་དཀར་དུ་གནང་” (59)ཞེས་བྱུང་བ་སོགས་ལས། སྡེ་པ་གོང་དཀར་བའི་འཛིན་སྐྱོང་གི་དབང་ཆ་དེ་ཡང་། ཕག་གྲུའི་སྡེ་སྲིད་ངག་དབང་བཀྲ་ཤིས་གྲགས་པའི་དུས་ཙམ་ནས་རླངས་ལྷ་གཟིགས་ཀྱི་རྒྱུད་པས་རིམ་བཞིན་ཐོན་མིའི་རྒྱུད་པའི་ལག་ནས་བླངས་ཏེ། ཡང་བསྐྱར་ཐད་ཀར་འཛིན་སྐྱོང་བྱེད་པའི་ས་ཁུལ་དུ་འགྱུར་བ་ཞིག་ཡིན་པ་མཐོང་ཐུབ་ལ། དུས་སྐབས་དེར་ཕག་གྲུ་ནང་ཞིག་བྱུང་སྟེ་ཕོ་བྲང་སྣེ་གདོང་དང་གོང་དཀར་ཞེས་སྲིད་གཞུང་གཅིག་ལ་སྡེ་སྲིད་ཐ་དད་གཉིས་བྱུང་བའི་སྣང་ཚུལ་ཞིག་ཀྱང་ཐོན་ཡོད།  གཞན་ཡང་། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུ་རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་དབོན་སྲས་ནས་བཟུང་སྟེ་“སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་ཀྱི་བར་དུ་མངའ་ཐང་ཡར་རྒྱས་སུ་གནས་སོ་” (60)ཞེས་བསྟན་པ་དེའི་བརྗོད་དོན་ངོ་མ་ནི་རྫོང་པ་ཀུན་དགའ་རྣམ་རྒྱལ་ནས་འགོ་བཙུགས་ཏེ་སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་ཀྱི་བར་སྡེ་པ་གོང་དཀར་བའི་མངའ་ཐང་ཡར་རྒྱས་སུ་གནས་སོ་ཞེས་པའི་དོན་ཡིན་ཡང་།  དེར་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཞིབ་དཔྱད་དེ་ཙམ་མ་བྱུང་བའི་དབང་གིས་སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་རྣམས་རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྒྱུད་པ་ཡིན་པར་འཁྲུལ་ཏེ་ཡར་གོང་གཉིས་གཅིག་ཏུ་འདོད་པའི་ལྟ་ཚུལ་བྱུང་ཡོད། དོན་དངོས་ཐོག་སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་ནི་《གཡུ་ཕྲེང་》ལས། “ཞབས་དྲུང་ངག་དབང་གྲགས་པ་ལ་སྲས་བཀའ་བརྒྱུད་རྣམ་པར་རྒྱལ་བ་དང་།   རྣམ་རྒྱལ་གྲགས་པ་གཉིས་འཁྲུངས། བཀའ་བརྒྱུད་རྣམ་པར་རྒྱལ་བའི་སྲས་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་ནི་ལྔ་པ་ཆེན་པོས་རྒྱལ་རབས་གསར་རྩོམ་གནང་སྐབས་འཚོ་ཞིང་གཞེས་མུས་སུ་གནས་ཡོད་” (61)ཅེས་བསྟན་པ་ལྟར། དེ་ནི་རླངས་ལྷ་གཟིགས་ཀྱི་རྒྱུད་པས་ཡང་བསྐྱར་གཞིས་ཀ་གོང་དཀར་བཟུང་རྗེས་བྱུང་བའི་རླངས་ཀྱི་རྒྱུད་པ་ཡིན་པ་ལས་ཐོན་མིའི་རྒྱུད་པ་རྩ་བ་ནས་མིན།   
           དེ་མིན་རྒྱལ་བ་སྐུ་ཕྲེང་ལྔ་པའི་རང་རྣམ་《དུ་ཀཱུ་ལའི་གོས་བཟང་》ཞེས་པའི་ནང་ཁོང་གི་སྐུ་ཚེའི་སྔ་ཕྱི་བར་གསུམ་གྱི་རིང་ཡར་རྒྱབ་པའི་མི་རྒྱུད་ད་དུང་གྲྭ་ནང་ཁུལ་དུ་འཚོ་བཞིན་ཡོད་པའི་སྐོར་ཡང་དུ་འཁོད་ཀྱང་། ཁོང་གི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ནང་ཐོན་མིའི་རྒྱུད་པ་ལས་སྡེ་པ་ཡར་རྒྱབ་པའི་དཔོན་ཆེན་གྱི་སྐོར་སྤྱིར་མི་གསལ་བར་ཐོན་རིགས་གོང་དཀར་བའི་མི་རྒྱུད་ཁོ་ན་དམིགས་སུ་བཀར་ནས་གླེང་བའི་སྣང་ཚུལ་ཞིག་ཐོན་ཡོད། དེ་ལྟར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ལོ་རྒྱུས་དེབ་ཐེར་དེ་ཉིད་ཀྱི་ས་བཅད་ཕྱི་མ་ལ་མི་རྒྱུད་ཀྱི་ལོ་རྒྱུས་ཤ་སྟག་གུང་དུ་བསྒྲིགས་པ་ཞིག་ཡིན་པས། ཁོང་གིས་དེ་ལྟར་སྒྲིག་སྐབས་ཐོན་མིའི་རྒྱུད་པ་གོང་དཀར་བ་བརྗོད་པ་ལས་ཡར་རྒྱབ་དཔོན་ཆེན་ལ་སོགས་པའི་ཐོན་མིའི་རྒྱུད་པ་གཞན་རྣམས་སྣང་ཆུང་དུ་སོང་བའམ། ཡང་ན་དུས་རབས་བཅུ་དྲུག་དང་བཅུ་བདུན་པའི་ནང་ཡར་གཙང་(62)གཉིས་ཀྱིས་དཔུང་བསྡེབས་ནས་ལྷ་སར་དམག་དྲངས་ཏེ་དགེ་ལུགས་པའི་སྦྱིན་བདག་སྣེལ་པ་སོགས་ཉམས་ཉེས་སུ་བཏང་བ་དང་།  སེ་འབྲས་གཉིས་ལ་ཡང་རྡུང་རྡེག་ཚབས་ཆེན་བཏང་བའི་ལོ་རྒྱུས་ཀྱི་གནད་དོན་དེའི་རྐྱེན་གྱིས་ཀྱང་ཡིན་སྲིད། གང་ལྟར་ལྔ་པ་ཆེན་པོ་ལྟ་བུས་སྡེ་པ་ཡར་རྒྱབ་པ་དང་གོང་དཀར་བ་གཉིས་གཏན་ནས་འཁྲུལ་མི་སྲིད་པ་ཞིག་གོ   
           ཕག་རིན་གཙང་གསུམ་གྱི་དབང་བསྒྱུར་དུས་སྐབས་སུ་ཐེལ་དང་།  འབྲི། སྟག་རྩེ། གོང་དཀར།   རིན་སྤུངས།  འཕྱོང་རྒྱས། ཡར་རྒྱབ། ཡར་སྟོད། སྐུ་རབ། སྣེའུ བྲག་དཀམ སྐྱིད་ཤོད། རྒྱང་མཁར་རྩེ་སོགས་སྡེ་པ་ཆེ་ཆུང་བཅུ་གྲངས་ཁ་ཤས་བྱུང་ཡོད་པ་ལས། སྐབས་དེར་སྡེ་པ་ཡར་རྒྱབ་པ་དང་གོང་དཀར་བ་གཉིས་ནི་སྐད་གྲགས་ཤིན་ཏུ་ཆེ་བའི་སྡེ་པ་ཁག་གཉིས་ཡིན། ལྷག་དོན་དུ་ཕག་གྲུའི་དུས་སྐབས་སུ་ཡར་གོང་གཉིས་ནི་ཕག་གྲུའི་སྲིད་དབང་གི་ལྟེ་གནས་སྣེ་གདོང་དང་ཐད་ཀར་འདབས་འབྲེལ་དུ་གནས་པའམ། རྒྱང་ཁྱད་ཧ་ཅང་ཉེ་བའི་སྡེ་གཞིས་ཤིག་ཡིན་པའི་ཆ་ནས། སྡེ་པ་དེ་གཉིས་ཀྱི་གནས་བབས་རྟོགས་ཐུབ་ལ། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་སུ་ཡང་། སྣེ་གདོང་དང་གོང་དཀར་གཉིས་ནི་ཕག་གྲུའི་སྲིད་གཞུང་གི་གློ་སྙིང་གཉིས་དང་འདྲ་ལ་གྲྭ་དོལ་གཞུང་གསུམ་ཤ་ཚས་སྐྱོང་དགོས་ཞེས་འཁོད་ཡོད་པ་སོགས་ལས་སྡེ་པ་ཡར་གོང་གཉིས་ཀྱི་གལ་ཆེའི་རང་བཞིན་ཤུགས་ཀྱིས་རྟོགས་ཐུབ་བོ།   
           དེ་ལྟར་གོང་དུ་ཁོ་བོས་ལོ་རྒྱུས་ཀྱི་དེབ་ཐེར་ཁག་གཅིག་ན་སྡེ་པ་ཡར་གོང་གཉིས་གཅིག་ཏུ་འདོད་པའམ་ཡར་རྒྱབ་པའི་སྡེ་གཞིས་ཀྱི་ལྟེ་བ་གོང་དཀར་ཡིན་པར་སྨྲ་བ་ལ་སོགས་པའི་མ་དག་རྒྱུན་འབྱམས་ལྟ་བུར་སོང་བའི་ལོ་རྒྱུས་ལ་དག་སེལ་ཅུང་ཟད་བགྱིས་ཏེ་སྡེ་པ་ཡར་གོང་གཉིས་ནི་ཐ་དད་ཡིན་པ་ལས་གཅིག་འོག་གཅིག་ཏུ་འདུས་པ་ཞིག་རྩ་བ་ནས་མིན་པའི་རང་གི་འདོད་ཚུལ་སྐོར་གླེང་ཁུལ་བགྱིས་པར།  མ་རྟོགས་པའམ་ལོག་པར་རྟོག་པའི་གནས་ཅི་མཆིས་ལ་གཟུར་གནས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དགྱེས་བརྩེའི་དགོངས་འཆར་བཀའ་སློབ་ལྷུག་སྩོལ་ཡོང་བའི་རེ་འདུན་ཞུ། །
           མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
           ①ས་མིང་དེ་ལ་《ཇོ་བོའི་རྣམ་ཐར་》དུ་“ཕྱིང་རུ་”ཞེས་དང་《རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་》དང་《ལྕགས་སྟག་ཞིབ་གཞུང་》སོགས་ཀྱི་ནང་“འཆིང་རུ་”ཞེས་འཁོད།  དེང་གེ་སྲིད་འཛིན་ས་ཁུལ་གྱི་སྒྲིག་གཞི་ལྟར་ན། གོང་དཀར་རྫོང་དགོན་སྟོད་གྲོང་ཚོའི་ཁུལ་རྣམས་ཡིན།
           ②ཐུ་མི། མ་ཧཱ་ས་ཏྭ། ཡེ་ནག ཉི་མ་ཀློང་གསལ། བེར་ནག་ཅན། མོན་མོ།  གཙོ་བོ་ལྷ་སྲས། བསོད་ནམས་རྒྱལ་པོ། རྒྱལ་པོ་དགའ། རྟ་མགྲིན་རྒྱལ་མཚན།
           ③ཏི་ཤྲཱི་ཀུན་དགའ་བློ་གྲོས་ནི་སྤྱི་ལོ་༡༢༩༩ལོར་ས་སྐྱའི་བདག་ཉིད་ཆེན་པོ་བཟང་པོ་དཔལ་བའི་སྲས་སུ་སྐུ་འཁྲུངས། ཧོར་གྱི་རྒྱལ་སར་བྱོན་ནས་བུ་ཡན་རྒྱལ་པོ་དང་།  གེ་གན་རྒྱལ་པོ། ཡེ་སུམ་ཐེ་མུར་བཅས་གསུམ་གྱི་དབུ་བླ་མཛད། སྤྱི་ལོ་༡༣༢༤ལོར་རྗེ་འདིས་གདན་ས་སྐུ་མཆེད་སོ་སོར་གནང་བ་ནས་བཟུང་གཞི་ཐོག་བླ་བྲང་དང་། ལྷ་ཁང་བླ་བྲང་།  རིན་ཆེན་སྒང་བླ་བྲང་།  དུས་མཆོད་བླ་བྲང་བཅས་བཞིར་གྱེས། སྤྱི་ལོ་༡༣༢༥ལོར་དགོངས་པ་རྫོགས།
           ④ཕལ་ཆེར་ས་སྐྱའི་དུས་སྐབས་སུ་བྱུང་བའི་གཙང་ཕྱོགས་ཀྱི་རྫོང་ཞིག་གེ་མིང་སྟེ། དེང་གེ་སྲིད་འཛིན་ས་ཁུལ་ལྟར་ན། གཞིས་རྩེ་པ་སྣམ་རྫོང་གི་ཁོངས་སུ་མེད་དམ་སྙམ།
           ⑤དུ་དབེན་ཤ་ཞེས་པ་ནི་都元帅ཞེས་པའི་རྒྱ་ཡིག་གེ་མིང་དེ་སྒྲ་སྒྱུར་བྱས་པ་ལས་བྱུང་ཞིང་།  དེ་ནི་ཡོན་རྒྱལ་རབས་དུས་སུ་རྒྱལ་ཡོངས་ཀྱི་དཔོན་རིགས་འགར་སྤྲོད་པའི་གོ་གནས་མཚོན་པའི་ཆོ་ལོའི་མིང་ཞིག་ཡིན་ལ། བོད་ཡིག་ཏུ་དེའི་འབྲི་ཚུལ་གཞན་ཞིག་ལ་དུ་དབེན་ཤྲི་སོགས་བྱུང་།
           ⑥(23)(24)(25)པཎ་ཆེན་བསོད་ནམས་གྲགས་པ། 《དེབ་དམར་གསར་པ་》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤ༡༡༩ ཤ༡༡༢ ཤ༡༢༡ ཤ༡༢༣
           ⑦⑧(50)(56)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༡ ཤ༥༧༦ཤ༥༥༠ནས༥༥༡
           ⑨པཎ་ཆེན་བྱམས་པ་གླིང་པས་མཛད་པའི་《ཡར་རྒྱབ་གདུང་རབས་》ཞེས་པ་ཞིག་ཡོད་པ་དེ་རྒྱལ་བ་ལྔ་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་ཁོང་ཉིད་ཀྱིས་མཇལ་བའི་སྐོར་གསུངས་ཀྱང་ད་བར་མཐོང་ལམ་དུ་མ་མཆིས།
           ⑽ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་《ཐུའི་གདུང་རབས་རྒྱས་པ་》ཞེས་པ་ཞིག་ཡོད་ཚུལ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གྱིས་མཛད་པའི་《རྫོང་པ་ཀན་དགའ་རྣམ་རྒྱལ་གྱི་རྣམ་ཐར་》ལས་བྱང་ཡང་ད་བར་མཐོང་ལམ་ད་མ་མཆིས།
           ⑾⒁⒇(57)(58)(59)(60)ངག་དབང་བློ་བཟང་རྒྱ་མཚོ 《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》 མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ལོའི་ཟླ་༥ ཤ༡༧༨ ཤ༡༧༩ ཤ༡༥༥ ཤ༡༥༦ ཤ༡༥༧ ཤ༡༧༩
           ⑿ངག་དབང་བློ་བཟང་རྒྱ་མཚོ 《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》མི་རིགས་དཔེ་སྐྲུན་ཁང་།  ༡༩༨༨ལོའི་ཟླ་༥ ཤ༡༧༩ མི་རྒྱུད་རྩིས་སྟངས་འདི་ནི་རྒྱལ་བ་ལྔ་པས་《པཎ་ཆེན་བྱམས་པ་གླིང་པའི་རྣམ་ཐར་》ལ་གཞི་བཅོལ་ནས་འདྲེན་པར་མཛད་པའམ་ཡང་ན་《ཡར་རྒྱབ་གདུང་རབས་》ཞེས་པ་གང་རུང་ལ་གཞི་བཅོལ་ནས་འདྲེན་པར་མཛད་པར་བསམ། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལ་གཞི་བཅོལ་ནས་ཐོན་མིའི་གདུང་རྒྱུད་དེ་དག་ཡང་དུ་འདྲེན་པར་མཛད་འདུག
           ⒀དཔེ་རྙིང་རྣམས་སུ་རྫོང་པ་ཀུན་དགའ་རྣམ་རྒྱལ་སྐུ་ཆུང་དུས་ཀྱི་མཚན་ལ་གྲལ་ལྔ་དང་གྲ་ལྔ། གྲྭ་ལྔ་ཞེས་འབྲི་སྟངས་མི་གཅིག་པ་གསུམ་ཙམ་བྱུང་ཡང་།  གྲྭ་ལྔ་ཞེས་པ་ཡང་དག་པར་མཐོང་། དེ་ཡང་《རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་》དུ་སྔར་ཡུམ་གྱིས་མཁན་ཆེན་སྒྲིབ་པ་ནག་པོའི་དྲུང་དུ་བསྲུང་བ་ལྔའི་དབང་ཚར་མང་དུ་གསན་པ་དང་། དེ་དུས་སྐུའི་རིམ་གྲོར་ཡང་གཟུངས་གྲྭ་ལྔ་སྒྲོག་པ་གཙོ་བོར་མཛད་པས་མཚན་ཡང་གྲྭ་ལྔ་རྒྱལ་པོ་ཞེས་པར་མངའ་གསོལ་ཞེས་གསལ་བས་སོ།
           ⒂⒄(53)རག་ར་སྤྲུལ་སྐུ་ངག་དབང་བསྟན་པའི་རྒྱལ་མཚན། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ལས་རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ༢༠༠༥ལོའི་ཟླ་༡༢ ཤ༢༤༤ ཤ༢༣༠
           ⒃ཚེ་ཏན་ཞབས་དྲུང་།  《ཐོན་མིའི་ཞལ་ལུང་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༤ ཤ༡༦
           ⒅དེང་གྲྭ་ནང་རྫོང་དང་སྣེ་གདོང་རྫོང་གི་ས་མཚམས་ལྟ་བུར་གནས་པའམ་ལྷོ་ཁ་གྲོང་ཁྱེར་གྱི་ནུབ་སྣེའི་མཚམས་སུ་ཡོད་པའི་ས་ཆ་ཞིག་གི་མིང་།
           ⒆ཚེ་ཏན་ཞབས་དྲུང་། 《ཐོན་མིའི་ཞལ་ལུང་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའིཟླ༤ ཤ༡༦ གཞནཡང་།  གཡུ་གྲ་བསོད་ཚེ།《སྡེ་པ་ཡར་རྒྱབ་པའི་སྐོར་གྱི་དཔྱད་གླེང་》 《བོད་ལྗོངས་ཞིབ་འཇུག་》 ༢༠༡༦ལོའི་བོད་ཡིག་དུས་དེབ་དང་པོ། ཤ༡༦ དེའི་ནང་ཡར་རྒྱབ་དཔོན་ཆེན་གྱིས་གོང་དཀར་རྫོང་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་དུས་གཞིས་ཀ་གོང་དཀར་དུ་གནས་སྡོད་གནང་ཡོད་ཅེས་གསལ་འདུག
           (21)རྒྱ་སྟོན་བྱང་ཆུབ་དབང་རྒྱལ། 《ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ་》 རྫོང་པའི་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས། ཤ༡༨
           (22)熊文彬、陈楠:《西藏通史》,(明代卷)中国藏学出版社。 2016 年4 月 。    P164
           (26)མཁས་དབང་བྱང་ཆུབ་དགེ་ལེགས། 《ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ་ཆེན་པོའི་རྣམ་པར་ཐར་བའི་ངོ་མཚར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་》 གྲྭ་ནང་བྱམས་པ་གླིང་དགོན་ནས་བསྒྲིགས། ༡༩༩༩ལོའི་ཟླ་༡༡ ཤ༨ རྣམ་ཐར་དེའི་ནང་དྲུང་ཆེན་ཚུལ་ཁྲིམས་རྒྱལ་མཚན་པས། ཐོག་མར་གདན་ས་ཐེལ་དུ་སྤྱན་སྔ་གྲགས་པ་ཤེས་རབ་པའི་ཞབས་ལ་གཏུགས་ནས་གཟིམ་གཡོག་གི་ལས་ཀ་བཟུང་། དེའི་ཞོར་དུ་ཕོ་བྲང་སྣེའུ་གདོང་དུ་གོང་མ་མིའི་དབང་པོ་ཆེན་པོ་གྲགས་པ་རྒྱལ་མཚན་པའི་ཞབས་ལ་གཏུགས་ནས་གཡོན་རུའི་ལས་ཆེན་དང་། ཡར་རྒྱབ་དཔོན་ཆེན་བྱས་ཞེས་འཁོད་ཡོད།
           (27)ལོ་རྒྱུས་ཡིག་ཚང་ཁག་ནང་ཡར་རྒྱབ་དགེ་བསྙེན་པ་སྐུ་མཆེད་ཅེས་པའི་ནང་གི་དགེ་བསྙེན་ལྷུན་གྲུབ་བཀྲ་ཤིས་ཞེས་བྱ་བ་དེ་ཡིན།
           (28)དཔོན་གྲྭ་ལྔ་རྒྱལ་པོས་ཡར་རྒྱབ་པའི་དཔོན་གནང་བའི་སྐོར་《རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར》སོགས་ལས་ཤེས་ཐུབ།
           (30)དཔོན་ཆེན་རིན་ཆེན་བཟང་པོའི་སྐུ་དུས་སུ་གྲྭ་བྱམས་པ་གླིང་གི་མཆོད་རྟེན་མཐོང་གྲོལ་ཆེན་མོ་སོགས་བཞེངས་པའི་སྐོར་《པཎ་ཆེན་བྱམས་པ་གླིང་པའི་རྣམ་ཐར་》ནང་གསལ།
           (31)དཔོན་ཆེན་རིན་ཆེན་རྒྱལ་པོ་ནི་རིན་ཆེན་བཟང་པོའི་སྲས་རྒན་པ་ཡིན་ཞིང་། ཕྱིས་རབ་བྱུང་སྒྲུབ་སྟེ་མཚན་ལ་ཨེ་ཝཾ་ཐམས་ཅད་མཁྱེན་པར་གྲགས།
           (31)ཁོང་གི་མཚན་ལ་དཔོན་ཆེན་བཞི་འཛོམ་རིན་ཆེན་དོན་ཡོད་ཀྱང་བྱ། ཁོང་ནི་དཔོན་ཆེན་རིན་ཆེན་རྒྱལ་པོའི་གཅུང་པོ་ཡིན་པ་《དེབ་སྔོན་》སོགས་སུ་གསལ་ལོ།
           (32)དཔོན་ཆེན་རིན་ཆེན་བཀྲ་ཤིས་ཀྱི་སྐུ་དུས་སུ་ཡར་རྒྱབ་པ་དང་རིན་སྤུངས་པས་དཔུང་བསྡེབས་ནས་སྐྱིད་ཤོད་ཕྱོགས་སུ་དམག་དྲངས་ཏེ་སྡེ་པ་སྣེལ་པ་ཡུལ་བཏོན། སྣེའུ་རྫོང་དཔོན་གྱི་ལས་གནས་ཀྱང་ཡར་རྒྱབ་པས་བཟུང་། 
           (33)སྡེ་པ་ཀུན་རྒྱལ་ཞེས་བྱ་བ་འདི་ཇོ་ནང་ཏཱ་ར་ནཱ་ཐའི་རང་རྣམ་དུ་ཡར་རྒྱབ་པའི་སྡེ་དཔོན་ཡིན་པ་གསལ་ཡང་ཞིབ་ཕྲའི་གནས་ཚུལ་སྐོར་ད་ལྟ་བཙལ་རྙེད་མ་ཐུབ།
           (34)ཞབས་དྲུང་བདུད་འདུལ་གྲགས་པ་ནི་ཡར་རྒྱབ་པའི་སྡེ་དཔོན་ཐ་མ་ལྟ་བུ་ཡིན་ཞིང་། ཁོང་གི་སྐུ་དུས་སུ་གཙང་པ་ཕུན་ཚོགས་དབང་རྒྱལ་གྱིས་དབུས་ཕྱོགས་སུ་དཔུང་དྲངས་ཏེ་གྲྭ་དོལ་གཉིས་ཀྱི་ས་རིས་རྣམས་བཟུངཡ་།
           (35)རྒྱ་ཡིག་ཏུ་行都指挥使司 ཞེས་འཁོད་ཡོད།
           (36)མིང་རྒྱལ་རབས་ཀྱི་ཡིག་ཚང་ནང་“宣德元年(1462年)十月丙寅,宣德皇帝耀升他为都指挥佥事,给赐银印、浩命。”ཞེས་འཁོད་ཡོད་ལ། འདིའི་སྐོར་《པཎ་ཆེན་བྱམས་པ་གླིང་པའི་རྣམ་ཐར་》ནང་དུ་ཡང་ཅུང་ཟད་འཁོད་ནས་ཡོད།
           (37)རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གྱིས་མཛད་པའི་《རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་》ནང་དཔོན་གྲྭ་ལྔའི་ཡབ་ནི་རྒྱལ་བ་ཤེས་རབ་ཡིན་པ་དང་། ཁོང་གིས་གོང་དཀར་རྫོང་དཔོན་གནང་བའི་སྐོར་འཁོད།
           (38)དཔོན་གྲྭ་ལྔ་ཞེས་པ་ནི་རྫོང་པ་ཀུན་དགའ་རྣམ་རྒྱལ་དགེ་ཚུལ་གྱི་སྡོམ་པ་མ་བཞེས་པའི་སྔོན་གྱི་མཚན་ཡིན། 
           (39)ལྷ་དབང་ཀུན་དགའ་ནི་རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་སྲས་ཡིན་ལ་ཁོང་གིས་གོང་དཀར་རྫོང་དཔོན་གནང་བ་《དེབ་དམར་གསར་པ་》ཡི་ནང་འཁོད།
           (40)དེ་ནི་དེང་གི་སྲིད་འཛིན་སྒྲིག་གཞི་ལྟར་ན། གོང་དཀར་རྫོང་ཁོངས་ཤར་ལྕེ་བདེ་ཞོལ་གྲོང་དང་ནུབ་གྲགས་ཆེན་གྲོང་ཚོ་གཉིས་བར་གནས་པའི་རི་རྒྱུད་ཅིག་ཡིན།
           (41)(42)(46)(47)(48)(54)མཁས་དབང་བྱང་ཆུབ་དགེ་ལེགས། 《ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ་ཆེན་པོའི་རྣམ་པར་ཐར་བའི་ངོ་མཚར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་》གྲྭ་ནང་བྱམས་པ་གླིང་དགོན་ནས་བསྒྲིགས། ༡༩༩༩ལོའི་ཟླ་༡༡ ཤ༩༧  ཤ༩༦  ཤ༡༩  ཤ༢༦  ཤ༢༨ནས་༢༩ ཤ༤༣ནས༤༤
           (43)ཟླ་བ་ཚེ་རིང་།  《བོད་ལྗོངས་ཞིབ་འཇུག་》 བོད་ཡིག་དཔར་མ། ༢༠༡༣ལོའི་དུས་དེབ་དང་པོ། ཤ༢༣
           (44)(45)གཡུ་གྲ་བསོད་ཚེ  《སྡེ་པ་ཡར་རྒྱབ་པའི་སྐོར་གྱི་དཔྱད་གླེང་》 《བོད་ལྗོངས་ཞིབ་འཇུག་》 ༢༠༡༦ལོའི་བོད་ཡིག་དུས་དེབ་དང་པོ།  ཤ༡༥ ཤ༡༦
           (49)བྱམས་གླིང་པཎ་ཆེན་བསོད་ནམས་རྣམརྐྱལ། 《རྒྱལ་ཆེན་གླིང་གི་འབུམ་ཆེན་དཀར་ཆག་བཞུགས་སོ་》 དཔེ་རྙིང་།
           (51)(55)སི་ཏུ་པཎ་ཆེན་སོགས། 《བཀའ་བརྒྱུད་གསེར་ཕྲེང་》 སྨད་ཆ།  མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣ལོའི་ཟླ་༧ ཤ༩༤ ཤ༨༢
           (52)དམངས་ཁྲོད་ཀྱི་ཤོད་རྒྱུན་ལ་རི་དེའི་གོང་བ་སྟེ། རྩེ་མོའི་གངས་འཁྱག་རྣམས་དུས་བཞི་དབྱེར་མེད་དུ་མ་བཞུར་བར་དཀར་ལྷམ་མེར་གནས་པས་ན། དེ་ཕྱོགས་ཀྱི་རི་རྒྱུད་ལ་གོང་རི་དཀར་པོ་ཟེར་བ་དང་ཕྱིས་སུ་དེར་རྫོང་བཙན་བཏབ་པས་གོང་དཀར་རྫོང་ཞེས་ཟེར།
           (61)ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》 བར་ཆ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༩༠ལོ། ཤ༢༥༦
           (62)སྡེ་པ་ཡར་རྒྱབ་པ་དང་སྡེ་པ་གཙང་པ་གཉིས་ལ་ཟེར།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1