སི་ཁྲོན་གྱི་ཆེས་མཇུག་མཐའི་གཞུང་ལམ་མེད་པའི་གྲོང་པའི་བགྲོད་ལམ་ཤར་གཏོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-20


        སྤྱི་ལོ་2019ལོའི་ཟླ་12པའི་ཚེས་31ཉིན། སི་ཁྲོན་ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་པུའུ་ཐུའོ་རྫོང་ཝུའུ་དབྱི་ཡུལ་ཤོག་ཨ་པུའུ་ལུའོ་ཧ་སྡེ་པའི་གཡང་གཟར་སྐྱེལ་འདྲེན་འཕྲུལ་འཁོར་དངོས་སུ་ཤར་གཏོང་བྱས་ཤིང་། སི་ཁྲོན་གྱི་ཆེས་མཇུག་མཐའི་གཞུང་ལམ་མེད་པའི་གྲོང་པའི་བགྲོད་ལམ་ཤར་གཏོང་བྱས་པས། འགྲིམ་འགྲུལ་བཀག་སྡོམ་གྱི་རྣམ་པ་དེ་འཇའ་ཡལ་བ་ལྟར་གྱུར།
        ཨ་པུའུ་ལུའོ་ཧ་སྡེ་པའི་ཕྱོགས་གསུམ་རི་བོས་སྐོར་ཞིང་། གཡང་གཟར་དང་གྲོང་རོང་ཤ་སྟག་ཡིན། ཕྱོགས་གཞན་ཞིག་ནས་འབྲི་ཆུ་སྔོན་མོའི་ཆུ་ལག་ཞི་ཞི་ཆུ་བོ་རླབས་ཕྲེང་དགུང་དུ་འཕྱོ་བཞིན་བཞུར་གྱི་ཡོད། སྔ་མོར། གཡང་གཟར་གྱི་ངོས་སུ་སྡེ་མི་ཚོ་ཡར་མར་འགྲོ་སའི་ཀྱག་ཀྱོག་གི་ལམ་བུ་ཞིག་ཡོད་ལ། སྡེ་པའི་ཟོག་དངོས་རྣམས་རྟ་དྲེལ་ལ་བརྟེན་ནས་འབོར་འདྲེན་བྱ་དགོས་ཤིང་། མ་མཐའ་ཡང་ཆུ་ཚོད་གསུམ་ལྷག་འགོར་སྲིད། འགྲིམ་འགྲུལ་ནི་གྲོང་པ་དབུལ་སེལ་འགག་སྒྲོལ་ཡོང་བའི་བཀག་རྡོ་གཙོ་བོར་གྱུར་ཡོད་ལ། སྡེ་པ་ཡོངས་ལ་དུད་ཚང་65དང་མི་གྲངས་253ཡོད་ཅིང་། མིག་སྔར་ད་དུང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་29དང་མི་གྲངས་182ཡོད།
        འགྲིམ་འགྲུལ་གྱི་བཀག་རྡོ་སེལ་བའི་ཆེད་དུ། ས་གནས་སྲིད་གཞུང་གིས་སྤྱི་ལེ་3.8ཡོད་པའི་རིམ་པ་བཞི་པའི་གྲོང་སྡེའི་གཞུང་ལམ་ཞིག་བསྐྲུན་རྒྱུ་ཐག་བཅད་པ་རེད། སྤྱི་ལོ་2019ལོའི་ཟླ་11པར། ལམ་ལས་ནས་མཇུག་མཐའི་སྤྱི་ལེ་གཅིག་ལ་སླེབས་དུས་འཛུགས་སྐྲུན་རུ་ཁག་གིས་གཡང་གཟར་གྱི་ངོས་གཉིས་སུ་རྡོ་གཡའ་མ་དང་རྒྱུ་འགྱུར་བྲག་རྡོ་སོགས་ཡིན་པ་རྟོགས་ཤིང་། སྔོན་མར་དབྱིབས་Cརྣམ་པའི་ཕུག་ལམ་ཞིག་བསྐྲུན་རྒྱུའི་འཆར་གཞི་ཡོད་ཀྱང་རྒྱུན་སྲིང་ཐབས་བྲལ། ཆེད་མཁས་པས་གཡང་གཟར་སྐྱེལ་འདྲེན་འཕྲུལ་འཁོར་ལ་བརྟེན་ནས་ལོ་མཇུག་སྔོན་སྡེ་མི་རྣམས་བདེ་བླག་ངང་ཕན་ཚུན་བགྲོད་ཐུབ་པ་འགན་སྲུང་བྱ་རྒྱུ་ཐག་བཅད་པ་དང་། དེ་དང་དུས་མཚུངས་སུ། དབྱིབས་Cརྣམ་པའི་ཕུག་ལམ་དེ་ཡོངས་རྫོགས་ཕུག་ལམ་གཏང་རྒྱུ་ལ་བསྒྱུར་ནས་མུ་མཐུད་དུ་གྲོང་སྡེ་རུ་བགྲོད་པའི་གཞུང་ལམ་སྐྲུན་ཞིང་། ཚོད་དཔག་བྱས་པ་ལྟར་ན་ལས་གཞི་དེ་སྤྱི་ལོ་2020ལོའི་ཟླ་4པའི་ནང་ལེགས་འགྲུབ་འབྱུང་རྒྱུ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1