ཏ་ཐང་བོད་ལྗོངས་ཡན་ལག་ཀུང་སིའི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-13



        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2020ལོའི་ལོ་མགོར་འགོག་དཀའ་བའི་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་ཅིག་རྒྱལ་ཡོངས་སུ་ཁྱབ་པར་གྱུར། གློ་བུར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་ལ་བོད་ལྗོངས་ཀྱིས་ཕྱོགས་སོ་སོ་ནས་གདོང་ལེན་བྱས་པ་དང་།  དེ་ལས་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་ནི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་རྩ་འཛུགས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས། རང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཚད་མཐོ་བའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་གྱི་འདུ་ཤེས་ཡིད་ལ་བཅངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་གི་ནང་དུ་ཞུགས་པ་རེད།
        ཟླ་1ཚེས་23ཉིན། ཀྲུང་གོའི་ཏ་ཐང་བོད་ལྗོངས་ཡན་ལག་ཀུང་སིའི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྟོད་གྲོང་རྡལ་རོང་ཡུལ་གྲོང་ཚོའི་ཀྲི་པུའུ་ཨུ་ཡོན་དང་གྲོང་ཚོའི་ཨུ་ལྷན་རྩ་འཛུགས་སྒོས་ཚོགས་འདུ་འཚོགས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས་ཏེ། རོང་ཡུལ་གྲོང་ཚོའི་ཁྱིམ་ཚང་43གྱི་མང་ཚོགས་164ཡི་ཚེ་སྲོག་གི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད།
        ཟླ་1ཚེས་30ཉིན། རོང་ཡུལ་གྲོང་ཚོའི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་བཙུགས་པ་དང་། ཏང་ཡོན་འཕྲལ་རྒོལ་གདོང་ལེན་རུ་ཁག་བཙུགས་ནས་མང་ཚོགས་ལ་བརྟེན་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་རེས་འགོག་སྲུང་དང་། དྲིལ་སྒྲོག་ཁྲིད་སྟོན། ཡུལ་དམག་སོ་སྐོར། གྲོང་ཚོར་འགྲོ་འོང་བྱེད་པར་འཛིན་བྱང་བཟོས་ནས་ཐོ་འགོད་པ། གྲོང་ཚོའི་སྨན་པས་དུག་སེལ་དང་དྲོད་ཚད་འཇལ་བ། དོགས་ཡོད་མི་སྣ་ལོགས་བཀར་བྱེད་པ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བ་དང་།  ཚང་མའི་འགན་འཁྲི་དངོས་སུ་ལག་ལེན་དུ་བསྟར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མཐའ་འཁྱོངས་པར་བྱེད་བཞིན་ཡོད།
གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ལམ་ཁར་འཛིན་བྱང་བཟོས་ནས་ཐོ་འགོད་པ་དང་ལུས་དྲོད་འཇལ་བ།
        གྲོང་མི་རྣམས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་ལ་བཟུང་བའི་འདུ་ཤེས་དང་ངོས་ཟིན་མཐོར་འདེགས་ཡོང་ཆེད། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་རྫ་ཡུལ་གྲོང་རྡལ་སྲིད་གཞུང་དང་། གྲོང་རྡལ་འཕྲོད་བསྟེན་ཁང་། གྲོང་རྡལ་མངགས་གཏོང་ཁང་བཅས་ལ་འབྲེལ་གཏུག་བྱས་ཏེ། ཟླ་1ཚེས་29ཉིན་རོང་ཡུལ་གྲོང་ཚོ་རུ་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་སྔོན་འགོག་ཤེས་བྱ་དང་རིམས་འགོག་བྱེད་ཐབས་གསར་པ་འགྲེལ་བརྗོད་བྱས་པ་མ་ཟད། གྲོང་ཚོའི་སྨན་པ་རྩ་འཛུགས་བྱས་ཏེ་དམིགས་ཡུལ་རང་བཞིན་ལྡན་པའི་སྒོ་ནས་གྲོང་ཚོའི་དོགས་གནད་ས་ཁོངས་ཁག་ལ་དུག་སེལ་བྱས་པ་རེད། གྲོང་ཚོའི་སྐད་འཕྲིན་ཚོགས་པ་དང་གྲོང་ཚོའི་རླུང་འཕྲིན་སོགས་བརྒྱུད་དེ། ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་བོད་ཡིག་གི་འགུལ་རིས་དང་། ཏོག་དབྱིབས་ནད་དུག་གསར་པའི་འགོག་སྲུང་ལག་དེབ་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ཏེ། གོ་བདེ་ཞིང་རྟོགས་སླ་བའི་སྒོ་ནས་གྲོང་མིར་རིམས་ནད་ཀྱི་ཤེས་བྱ་ངོ་སྤྲོད་བྱས། གྲོང་མི་ཚོར་ཁ་ཏ་སློབ་གསོ་དང་ཤེས་བྱ་དྲིལ་སྒྲོག་སྒོས་དེ་སྔ་བཟོས་ཟིན་པའི་འཆར་གཞི་སྟེ།  ཁང་སྟོན་དང་། གཉེན་སྟོན། ལོ་སར་གྱི་འགྲོ་འོང་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་མེད་པར་བཟོས་པས།  མི་སྣ་འདུ་འཛོམས་ཀྱི་དབང་གིས་ཕན་ཚུན་རིམས་ནད་འགོ་སྲིད་པར་སྔོན་འགོག་བྱས་ལ། གྲོང་མི་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་རྟོགས་པ་དང་། ཚང་མ་དེའི་ནང་ཞུགས་པ།  རིམས་ནད་ལ་སྣང་ཆུང་མི་བྱེད་པ་དང་། འཇིགས་སྣང་མི་སྐྱེ་བ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བསྒྲུབ་ཐུབ་པར་བྱས།
གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ནང་གི་དོགས་གནད་ས་ཁོངས་ལ་དུག་སེལ་བྱེད་པར་རྩ་འཛུགས་བྱས་པ།
        ཏ་ཐང་ཀུང་སིའི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་ད་དུང་མི་ཡོངས་མཉམ་ཞུགས་བྱེད་པའི་ཞིབ་བཤེར་རྩ་འཛུགས་བྱས་ཏེ། ནང་ལོགས་ནས་ཕྱིར་གྲོང་ཚོར་ལོག་པའི་མི་དང་། ཕྱི་ནས་ཡོང་བའི་མི། ཕྱིར་ལ་འགྲོ་བའི་མི།   ཕྱིར་གྲོང་ཚོར་ལོག་པའི་མི་སྣའི་རླངས་འཁོར་ཐེངས་གྲངས་དང་གནམ་གྲུའི་ཨང་གྲངས་སོགས་ཀྱི་ཆ་འཕྲིན་ཕྱོགས་ཡོངས་ནས་འཚོལ་བསྡུ་དང་ཡིག་ཚགས་བཟོས་ནས་བདག་དམ་བྱས་པ་དང་། བྱེད་ཐབས་སྣ་མང་སྤྱོད་པ་དང་མང་ཚོགས་སྐུལ་སློང་བྱས་ནས་ཏོག་དབྱིབས་ནད་དུག་གསར་པའི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོར་བསྒྲུབས་ཡོད། དོགས་གནད་མི་སྣར་རྗེས་འདེད་ནན་མོ་དང་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་པ་སྟེ། ནང་ལོགས་ནས་གྲོང་ཚོར་ཕྱིར་ལོག་པའི་སློབ་ཆེན་སློབ་མ་11ལ་ཆ་འཕྲིན་ཡིག་ཚགས་བཟོས་པ་དང་གཟུགས་པོའི་གནས་ཚུལ་དང་གཟུགས་པོའི་དྲོད་ཚད་ལྟ་ཞིབ་ཚད་ལེན་གྱི་སྒྲིག་སྲོལ་བཙུགས་ནས། ཧུའུ་པེ་དང་ལྷག་པར་དུ་ཝུའུ་ཧན་ནས་ལོག་ཡོང་བའི་སློབ་མ་གསུམ་ཁྱིམ་དུ་ལོགས་སུ་བཀར་ནས་གྲོང་ཚོའི་སྨན་པ་བཀོད་སྒྲིག་བྱས་ཏེ། གཟུགས་པོར་ལྟ་ཞིབ་ཚད་ལེན་དང་། དུག་སེལ། འཚོ་བ་འགན་ལེན་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབས།
        མིག་སྔའི་བར་རོང་ཡུལ་གྲོང་ཚོའི་ཏོག་དབྱིབས་ནད་དུག་གསར་པ་སྔོན་འགོག་ཚོད་འཛིན་ལས་དོན་གྱི་རྣམ་པ་བརྟན་པོ་ཡོད་པ་དང་། ལུས་དྲོད་རྒྱུན་ལྡན་མིན་པའི་མི་སྣ་ཐོན་མེད་པ། ནང་ལོགས་ནས་གྲོང་ཚོར་ཕྱིར་ལོག་པའི་མི་སྣ་11ཚང་མར་རྒྱུན་གཏན་མིན་པའི་ནད་རྟགས་ཐོན་མེད་ཅིང་། ལོགས་སུ་བཀར་བའི་མི་སྣ་3ལོགས་སུ་བཀར་མཚམས་བཞག་པ། རིམས་ནད་ཀྱི་དོགས་པ་ཅན་དང་ནད་གཞི་གཏན་འཁེལ་གྱི་ནད་པ་ཐོན་མེད་ལ། རོང་ཡུལ་གྲོང་ཚོའི་བདེ་འཇགས་དང་འཆམ་མཐུན་ལ་འགན་ལེན་བཟང་པོ་ཐུབ་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1