བསོད་ནམས་ཆོས་འཕེལ་ལ་མཚོན་ན་རང་མི་རིགས་ཀྱི་གསོ་རིག་གིས་ནད་པ་སྐྱོབ་བཅོས་བྱ་རྒྱུ་ནི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-23



          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཁ་པར་ཞིག་གིས་ཧེ་ལུང་ཅང་ཞིང་ཆེན་ཧ་ཨར་པེན་སྡེ་དགེ་བོད་ལུགས་གསོ་རིག་སྨན་ཁང་གི་འགོ་གཙོ་བསོད་ནམས་ཆོས་འཕེལ་གྱི་ལུས་སེམས་གཉིས་ཀའི་ངལ་དུབ་དེ་མ་ཐག་ཡལ་དུ་བཅུག་སོང་། 
          ཁ་པར་དེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འཕྲོད་བསྟེན་འཛུགས་སྐྲུན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཏང་བ་ཞིག་ཡིན་ཞིང་། འགན་འཁུར་བ་དེས་དཀར་མཛེས་ཁུལ་གྱི་བོད་སྨན་རིམས་འགོག་གི་སྨན་སྣ་སྡེབ་སྦྱོར་གྱི་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་བསོད་ནམས་ཆོས་འཕེལ་ལ་བརྒྱུད་བསྒྲགས་བྱས་པ་རེད། 
          བོད་སྨན་གྱི་རིམས་འགོག་སྨན་སྣ་སྡེབ་སྦྱོར་གྱི་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་བསོད་ནམས་ཆོས་འཕེལ་ལ་བརྒྱུད་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། 
          མ་གཞི་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་མ་ཐག་པའི་དུས་འགོར། བསོད་ནམས་ཆོས་འཕེལ་ཧ་ཨར་པེན་ནས་ཕ་ཡུལ་སི་ཁྲོན་ཁྲེང་ཏུའུ་རུ་ཕྱིར་ལོག་པ་ཡིན་ཞིང་། ཟླ་གཅིག་ལྷག་ཙམ་རིང་ཁོང་གི་ཀླད་པའི་ནང་དུ་ནད་ཡམས་འགོག་པའི་དངོས་ཟོག་ཇི་ལྟར་གྲབས་གསོག་བྱེད་པའི་སྐོར་གྱི་བསམ་ཚུལ་ཡང་ནས་ཡང་དུ་འཁོར་ཏེ། ཁོ་རང་རིམས་ནད་བྱུང་ཁུལ་གྱི་ཁུལ་དང་གྲོང་རྡལ་སོ་སོའི་བར་དུ་ཐེངས་མང་པོར་“འདུར་རྒྱུག”བྱས། ཧ་ཨར་པེན་སྡེ་དགེ་བོད་ལུགས་གསོ་རིག་སྨན་ཁང་ལ་གུང་གསེང་བཏང་མོད། འོན་ཀྱང་བསོད་ནམས་ཆོས་འཕེལ་ནི་སྨན་པ་ཞིག་ཡིན་པས། ཁོང་གིས་བལྟས་བལྟས་རིག་རིག་ལ་རིམས་ནད་གང་སར་མཆེད་པར་ལྟད་མོ་བལྟས་ནས་འདུག་མི་ཉན། དེ་བས་ཕྱོགས་གཅིག་ནས་མ་དངུལ་གྲབས་གསོག་བྱས་ཏེ་རྒྱལ་ཁོངས་ལས་བརྒལ་ནས་སྨན་སྤྱོད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་། དམངས་སྤྱོད་འགོག་སྲུང་དངོས་ཟོག་ཉོ་སྒྲུབ་བྱས་ནས་ཝུའུ་ཧན་དང་། ཧ་ཨར་པེན་སི་ཁྲོན་དཀར་མཛེས་སོགས་ལ་ཞལ་འདེབས་གནང་བ་དང་། ཕྱོགས་གཅིག་ནས་སི་ཁྲོན་གྱི་རིམས་ནད་བྱུང་ཁུལ་གྱི་འཐབ་ས་མདུན་མ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་རོགས་རམ་བྱེད་པར་བསྐྱོད་ནས་ཡར་མར་འདུར་རྒྱུག་བྱས་ཤིང་། མ་དངུལ་གྲབས་གསོག་བྱེད་ཆེད་ཉིན་ཉི་ཤུ་ལྷག་ཙམ་རིང་རླངས་འཁོར་བསྐོར་ནས་སྤྱི་ལེ་བཞི་སྟོང་ལྔ་སྟོང་ལྷག་སོང་བ་ཕྱིར་དྲན་བྱས་ཚེ། ཁོ་རང་ཉིད་ཀྱིས་ཀྱང་ཡིད་ཆེས་བྱེད་མི་ཕོད། 

འདི་ནི་བསོད་ནམས་ཆོས་འཕེལ་(གཡས)དང་བོད་ལུགས་གསོ་རིག་གི་ཆེད་མཁས་པ་དགེ་རྒན་ཆེན་མོ་ཁ་ལོ་(མཚོ་སྔོན་བོད་སྨན་ཁང་གི་འགོ་གཙོ་སྔ་མ)གཉིས་ཀྱི་མཉམ་པར་རེད། 
          དེ་དང་ཆབས་ཅིག་བསོད་ནམས་ཆོས་འཕེལ་གྱིས་ཀྱང་རིམས་ནད་འགོག་རྒོལ་བྱེད་པར་ཐབས་ཇུས་ཤིག་བཟོས་ཤིང་། ཁོང་གིས་སྔོན་བྱོན་མཁས་དབང་རྣམས་ཀྱི་གསོ་རིག་གི་བསྟན་བཅོས་རེ་རེ་བཞིན་ལྟ་ཀློག་བྱས་ནས། ལོ་ངོ་ཉི་ཤུ་རིང་གི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་དང་། དེ་བཞིན་དམིགས་བསལ་གློ་ཚད་དུས་སྐབས་སུ་བོད་སྨན་སྤྱད་ནས་ “རིམས་ནད”ལ་འཐབ་པའི་ཉམས་མྱོང་ཕྱིར་དྲན་བྱས་ཏེ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་ཆེད་བྱེད་འཐུས་རང་བཞིན་གྱི་བོད་ལུགས་གསོ་རིག་གི་སྨན་སྡེར་ཞིབ་འཇུག་བྱས་མཐར། ཁོང་གིས་སྨན་སྡེ་དེ་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་འཛུགས་སྐྲུན་ཨུ་ལྷན་ལ་འོས་སྦྱོར་བྱས་ནས་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེ་གྲས་བཞིའི་ནང་གསེས་སུ་འབོད་པའི་བོད་ཀྱི་གསོ་བ་རིག་པས་ཏོག་གསར་གློ་ཚད་ལ་འཐབ་རྒོལ་བྱེད་པའི་དམག་འཐབ་ནང་སླར་ཡང་བྱས་རྗེས་གསར་པ་འཇོག་ཏུ་བཅུག་པ་རེད། 
          ཟླ་གཉིས་པའི་ཟླ་འགོར། བསོད་ནམས་ཆོས་འཕེལ་གྱིས་རང་འགུལ་ངང་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་དང་། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་འཛུགས་སྐྲུན་ཨུ་ལྷན་སོགས་ཀྱི་ལས་ཁུངས་ལ་འབྲེལ་གཏུག་བྱས་ནས། བོད་ལུགས་གསོ་རིག་གིས་དབུགས་ལམ་མ་ལག་གི་ནད་གཞིར་སྨན་བཅོས་བྱེད་པའི་ཕན་འབྲས་དང་གྲུབ་འབྲས་ཐོབ་པའི་དཔེ་མཚོན་འོས་སྦྱོར་བྱས་ཤིང་། དུས་མཚུངས་སུ་འབྲེལ་ཡོད་ཀྱི་ལས་ཁུངས་ལ་ལེགས་སྒྲིག་བྱས་ཏེ་སྤྲད་པ་དང་། སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་བསོད་ནམས་ཆོས་འཕེལ་གྱི་ཆེད་ལས་ཀྱི་བསམ་འཆར་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། དེར་ཚོགས་འདུ་འཚོགས་ནས་གྲོས་བསྡུར་བྱས་པ་བརྒྱུད་སི་ཁྲོན་བོད་རིགས་ས་ཁུལ་གྱི་རྔ་པ་ཁུལ་དང་དཀར་མཛེས་ཁུལ་གྱིས་སྔོན་ལ་བོད་སྨན་གྱིས་ཏོག་གསར་གློ་ཚད་ཕོག་པའི་ནད་པར་སྨན་བཅོས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། དེར་མཐུད་ནས་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་དང་། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་འཛུགས་སྐྲུན་ཨུ་ལྷན་གྱིས་རྩ་འཛུགས་ཀྱི་ཁ་པར་བརྙན་ལམ་གྱི་ཚོགས་འདུ་འཚོགས་རྗེས་བོད་སྨན་“རིམས་ནད”འགོག་རྒོལ་གྱི་ལས་དོན་ནང་འཇོག་རྒྱུར་སྐུལ་འདེད་ཧུར་ཐག་བྱ་རྒྱུའི་ཡིག་ཆ་བཀྲམས་པ་རེད།
          བསོད་ནམས་ཆོས་འཕེལ་རང་ཉིད་ཀྱིས་འོས་སྦྱོར་བྱས་པའི་ཇུས་གཞིར་ཡིད་ཆེས་ཆེན་པོ་ཡོད་དེ། ཁོང་གིས་བོད་ཀྱི་གསོ་རིག་བསྟན་བཅོས་སུ་བོད་ལུགས་གསོ་རིག་དེ་ནད་ཡམས་ལས་རྣམ་པར་རྒྱལ་ཐེངས་དགུ་ཡོད་པ་རྟོགས་ཤིང་། དེ་ཡང་ཆེས་ཐོག་མའི་དུས་ནི་སྤྱི་ལོ་དུས་རབས་12པའི “གུ་གེའི་འཆི་གྲུབ།”(འགོག་བཅོས་ཐབས་ལམ་གྱི་མིང་ཞིག)ཡིས་ནད་ཡམས་སྨན་བཅོས་བྱས་པ་དེ་ཡིན་པ་དང་། ད་རུང་1959ལོར་བོད་སྨན་སྨན་བཅོས་རུ་ཁག་གིས་ “ནག་པོ་དགུ་འཇོམས”དང་ “རིན་ཆེན་མང་སྦྱོར”སོགས་ཀྱི་བོད་སྨན་སྡེབ་སྦྱོར་བྱས་ནས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཁྱབ་ཁོངས་ཀྱི་ནད་ཡམས་འགོག་རྒོལ་བྱས་པ་སོགས་ཡོད། ཉེ་དུས་ཀྱི་ནད་ཡམས་ནི་2003ལོར་དམིགས་བསལ་གློ་ཚད་འགོག་བཅོས་བྱེད་པའི་ཁྲོད་བོད་སྨན་གྱིས་བྱས་རྗེས་ཆེན་པོ་བཞག་ཡོད་ཅིང་། བསོད་ནམས་ཆོས་འཕེལ་གྱི་ལོ་ངོ་ཉི་ཤུའི་རིང་གི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་གིས་བོད་ལུགས་གསོ་རིག་གིས་དབུགས་ལམ་མ་ལག་གི་ནད་གཞིར་སྨན་བཅོས་བྱེད་པའི་ཕན་འབྲས་ལ་བདེན་དཔང་བྱས་པར་མ་ཟད། ཁོང་གིས་བོད་སྨན་གྱིས་ཏོག་གསར་གློ་ཚད་ཀྱི་ནད་དུག་གིས་བསླངས་པའི་དབུགས་ལམ་མ་ལག་གི་ནད་གཞིར་འགོག་སྲུང་བྱེད་པའི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་པ་རེད།

འདི་ནི་དཀར་མཛེས་ཁུལ་གྱིས་རིམས་འགོག་བོད་སྨན་བསྡེབས་ནས་ལས་དོན་མི་སྣས་སྨན་ཐུམ་བགོ་བའི་རྣམ་པ་རེད།
          དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཁ་པར་ནང་ནས་བཤད་རྒྱུར། “ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ནང་བོད་སྨན་ཞུགས་རྗེས་ཕན་འབྲས་ཡོངས་ཁྱབ་ཀྱིས་ཅུང་ལེགས་པ་ཐོན་ཡོད། དེར་མ་ཟད་ནད་རྟགས་མེད་པར་ནད་དུག་ཡོད་དེ་སྨན་ཁང་དུ་བསྡད་ནས་ལྟ་ཞིབ་བྱེད་མཁན་གྱིས་‘གྲང་སྦྱོར’བོད་སྨན་འཐུངས་རྗེས། གློ་བའི་CTངོས་ཀྱི་‘གློ་བ་དཀར་པོའི’ནད་རྟགས་ལེགས་བཅོས་སུ་བྱུང་བ་མངོན། དེ་བཞིན་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྨན་ཁང་དུ་ལྟ་ཞིབ་བྱེད་མཁན་ཚོས་ཀྱང་བོད་སྨན་འཐུང་བཞིན་ཡོད། མང་ཚོགས་ཚང་མས་ཆེད་ལས་ཀྱི་ཏོག་གསར་གློ་ཚད་འགོག་པའི་བོད་སྨན་འཐུང་ཐུབ་པར་འགན་ལེན་བྱ་ཆེད། ཁྱེད་ཀྱིས་འོས་སྦྱོར་བྱས་པའི་‘ཏོག་གསར་གློ་ཚད’སྔོན་འགོག་གི་བོད་སྨན་ཡང་སི་ཁྲོན་གྱི་བོད་ཁུལ་གྱི་ས་གནས་སོ་སོར་བསྐུར་ཡོད”ཅེས་བཤད།
          སྐད་ཆ་འདིས་བསོད་ནམས་ཆོས་འཕེལ་གྱི་བློ་བདེ་པོ་བྱུང་བར་བཅུག་ཅིང་། བོད་ལུགས་གསོ་རིག་གིས་རིམས་ནད་འགོག་པར་ཕན་འབྲས་དེ་འདྲ་ཐོན་པ་དེས་བོད་ལུགས་གསོ་རིག་གིས་ནད་ཡམས་འགོག་པའི་ལས་དོན་དེ་རྣམ་གྲངས་སུ་ཚུད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་དང་། བསོད་ནམས་ཆོས་འཕེལ་གྱིས་ཡང་བསྐྱར་བོད་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ལས་དོན་ལ་དོན་དངོས་ཤིག་བསྒྲུབས་ཡོད་པས་དགའ་སྤྲོ་ཆེན་པོ་སྐྱེས།
          ནད་ཡམས་སྣ་ཚོགས་ཀྱི་མདུན་དུ་བོད་ཀྱི་གསོ་བ་རིག་པའི་སྔོན་བྱོན་པ་ཚོས་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་སྔོག་འདོན་དང་འདོན་སྤེལ་བྱས་ཏེ། གཞན་ཕན་གྱི་འགྲོ་དོན་བསྒྲུབ་པའི་སེམས་བསྐྱེད་དེ་ཕུལ་དུ་བྱུང་བའི་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་ལ་བརྟེན་ནས་ནད་རིགས་སྣ་ཚོགས་དང་དཀའ་སྤྱད་ཀྱི་འཐབ་འཛིང་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་ནད་ཡམས་བཀག་སྡོམ་གྱི་རྡོ་རིང་མང་པོ་ཞིག་གསར་གཏོད་བྱས་ཡོད་པར་མ་ཟད། ནད་ཡམས་སྔོན་འགོག་དང་། ནད་དཔྱད།  སྨན་བཅོས་སོགས་ཐད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པས། བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁའི་ཉམས་མྱོང་དེ་དག་ཟུར་དུ་བཞག་ནས་བསྐྱུར་མི་རུང་བར་རྒྱ་ཁྱབ་ཏུ་བེད་སྤྱོད་དང་རྒྱུན་འཛིན་བྱེད་དགོས་པ་གསལ་བོར་རྟོགས། 
          བསོད་ནམས་ཆོས་འཕེལ་ནི་བོད་ལུགས་གསོ་རིག་མཁས་ཅན་ཞིག་ཡིན་པ་དང་། ཁོས་ལོ་དྲུག་ནས་བཟུང་སྨན་སྦྱོང་འགོ་ཚུགས་ཤིང་། དེ་ནས་བཟུང་ཁོང་གིས་མི་རིགས་ཀྱི་གསོ་རིག་རྒྱུན་འཛིན་གྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་དུས་ཚོད་ཇི་འདྲིའི་རིང་པོ་སོང་ཡང་། ལས་འགན་ལྕི་མོ་དེ་སེམས་ནས་ནམ་ཡང་བརྗེད་མྱོང་མེད། དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་སྲིད་གཞུང་གི་ཚབ་ཞུས་ནས་བསོད་ནམས་ཆོས་འཕེལ་ལ་ཐུགས་རྗེ་ཆེ་ཞུ་སྐབས། བསོད་ནམས་ཆོས་འཕེལ་གྱིས་“མི་ཚེ་འདིར་རང་མི་རིགས་ཀྱི་གསོ་རིག་ལ་བརྟེན་ནས་་གནམ་འོག་གི་འགྲོ་བ་མིའི་རིགས་ནད་གདོན་ལས་སྐྱོབ་རྒྱུ་ནི་ང་རང་བདེ་སྐྱིད་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན”ཞེས་བཤད། 
          དངོས་གནས་དེ་འདྲ་ཞིག་རེད། 
          1999ལོར་བསོད་ནམས་ཆོས་འཕེལ་གྱིས་མི་རིགས་ཀྱི་གསོ་རིག་དར་སྤེལ་དང་། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུན་པ་བཅངས་ནས་བྱང་རྒྱལ་ཁབ་ཀྱི་འཁྱགས་གྲོང་ཧ་ཨར་པེན་དུ་གཞི་ཆགས་ནས་བོད་ལུགས་གསོ་རིག་གི་ཤུགས་རྐྱེན་ནང་སར་སྤེལ་ཏེ། ཧ་ཨར་པེན་སྡེ་དགེ་བོད་ལུགས་གསོ་རིག་སྨན་ཁང་བཙུགས་པ་རེད། དེར་གཉེན་ཉེ་གྲོགས་པོ་ཀུན་གྱིས་ཁོས་རྒྱལ་ཁབ་ཁེ་ལས་ཀྱི་འཚོ་སྐྱོང་བཟང་པོ་མ་དགོས་པར་ཨུ་ཚུགས་ཀྱིས་ས་ཆ་མེད་དང་མི་རྒྱུས་མེད་ཀྱི་ཀྲུང་གོའི་བྱང་ཕྱོགས་སུ་སོང་བར་བསམ་ཤེས་ཐུབ་ཀྱི་མེད་ཅིང་། གནས་དེའི་མི་རྣམས་ཀྱིས་ཁས་ལེན་མི་བྱེད་པར་མ་ཟད། ཁོ་དང་ཁོའི་ཚོགས་པ་དེ “ལྷ་སྨན”ནམ་ཡང་ན་ “འཁྱམས་ཉུལ་སྨན་པར”བརྩི་བཞིན་ཡོད།
          —དོན་གང་མགོ་རྩོམ་རྒྱུ་ནི་དཀའ་ཞིང་དཀའ།  
          སྨན་ཁང་བཙུགས་ནས་ལོ་ངོ་ཉི་ཤུ་ལྷག་རིང་། བསོད་ནམས་ཆོས་འཕེལ་གྱིས་མི་རིགས་ཀྱི་གསོ་རིག་ལ་བཅངས་པའི་དགའ་ཞེན་དང་། ཐུན་མོང་མ་ཡིན་པའི་“བོད་སྨན་ལུམས་བཅོས”དང་བོད་སྨན་གྱི་སྨན་བཅོས་དང་། དེ་བཞིན་བོད་ལུགས་གསོ་རིག་གི་ཁྱད་ལྡན་འཕྲོད་སྦྱོར་ལ་བརྟེན་ནས་ནད་པ་མང་པོ་ཞིག་ཆེད་དུ་སྨན་ཁང་བཙལ་ནས་སྨན་བཅོས་བྱེད་པར་ཡོང་བར་བཀུགས་ཤིང་། དེ་ལྟར་མི་གཅིག་ནས་གཅིག་བརྒྱུད་དང་ངག་ནས་ངག་བརྒྱུད་ཀྱིས་ཧ་ཨར་པེན་སྡེ་དགེ་བོད་ལུགས་གསོ་རིག་སྨན་ཁང་གིས་རིམ་རྩིས་བྱས་ན་ནད་པ་མི་ཐེངས་ཁྲི་བརྒྱ་ལྷག་ཙམ་ལ་སྨན་བཅོས་བྱས་ཡོད་པ་རེད། 

འདི་ནི་བསོད་ནམས་ཆོས་འཕེལ་གྱིས་གཅེས་ཉར་བྱས་པའི་ཕ་མེས་བརྒྱུད་ཀྱི་སྨན་གཞུང་ཁག་གཅིག་རེད། 
          དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཏང་བའི་ཁ་པར་གྱི་སྒོ་བརྒྱབ་རྗེས། བསོད་ནམས་ཆོས་འཕེལ་གྱིས་ཉིན་འགའི་རྗེས་སུ་ཧ་ཨར་པེན་དུ་ཕྱིར་ལོག་སྟེ་ངེས་པར་དུ་སྔོན་ལ་ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཁྱིམ་རྒྱུད་ཀྱི་མན་ཇུའི་ཡི་གེ་དང་། སོག་ཡིག བོད་ཡིག་བཅས་སྐད་རིགས་གསུམ་གྱི་པར་གཞིའི་གསོ་རིག་བསྟན་བཅོས་ཀྱི་གསང་བའི་མན་ངག་ལོ་ཙཱ་དང་། ལེགས་སྒྲིག་བྱས་ཏེ་པར་སྐྲུན་འགྲེམས་སྤེལ་བྱས་ནས་མི་རིགས་ཀྱི་མཆོག་ནོར་དངོས་སུ་དར་རྒྱས་གོང་འཕེལ་དུ་གཏོང་རྒྱུའི་ལས་དོན་བསྒྲུབ་རྒྱུའི་འཆར་འགོད་བཟོས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1