༄༅།།ལོ50བརྒལ་རྗེས་སྙིང་རྩ་འགག་པའི་ནད་འབྱུང་བར་མཉམ་འཇོག་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-30



        དེང་སྐབས་སྙིང་རྩ་འགག་པའི་ནད་ཀྱིས་གློ་བུར་ཤི་བའི་གནས་ཚུལ་ཧ་ཅང་མང་བས་མི་རྣམས་ཅི་བྱ་གཏོལ་མེད་དུ་འགྱུར་བཞིན་འདུག སྙིང་རྩ་འགག་པའི་ནད་ནི་ལོ50བརྒལ་བའི་སྐྱེས་པ་རྣམས་ལ་འབྱུང་ཚད་ཧ་ཅང་མཐོ་ལ།ཐེངས་འདིའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་མཆེད་པའི་ཁྲོད་དུ།སྙིང་རྩ་འགག་པའི་ནད་ནི་རིམས་ནད་ཇེ་སྡུག་ཏུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།

འབྱུང་ཚད་མཐོ་བའི་ལོ་ཚོད།
        སྙིང་རྩ་འགག་པའི་ནད་ནི་སྙིང་གཟེར་ནད་ཀྱི་རིགས་ཤིག་ཡིན་ལ།གཙོ་བོ་པྲོག་དབྱིབས་འཕར་རྩ་འགག་པ་ལས་བྱུང་བ་རེད།སྔོན་ཆད་ནད་འདི་འབྱུང་སླ་བའི་ལོ་ཚོད་ནི་ལོ65ཡན་གྱི་རྒན་པ་རྣམས་ཡིན་མོད།འོན་ཀྱང་དེང་སྐབས་ཞིབ་བརྟག་བྱེད་ཚད་ཇེ་མཐོར་སོང་བ་དང་།ལྷག་པར་དུ་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་དང་གོམས་གཤིས་ངན་པ་ཇེ་མང་དུ་སོང་བའི་དབང་གིས།འབྱུང་སླ་བའི་ལོ་ཚོད་སྔར་ལས་ཇེ་ཆུང་དུ་སོང་ཡོད་པས།ལོ50ཡན་གྱི་མི་རྣམས་ནི་འབྱུང་ཚད་ཆེས་མཐོ་བའི་དུས་རེད།དེ་ནི་ལོ50བརྒལ་རྗེས་མི་རྣམས་ཀྱི་ལུས་པོའི་དབང་ནུས་ཇེ་ཞན་དང་རྙིང་ཚབ་གསར་བརྗེ་བྱེད་ཚད་ཇེ་དལ།ལུས་པོའི་སྙོམ་སྒྲིག་ནུས་པ་ཇེ་ཞན་དུ་སོང་བ་བཅས་ཀྱི་རྐྱེན་རེད།
        མཐོ་སྒང་དུ་འཚོ་བ་རོལ་བཞིན་པའི་ང་ཚོ་མཚོ་ངོས་ལས་མཐོ་ཞིང་དབྱང་རླུང་དཀོན་པའི་ཁོར་ཡུག་ཏུ་བསྡད་ཡོད་པའི་དབང་གིས།ལུས་སྟེང་གི་ཁྲག་རྒྱུན་འབྱར་བག་ཆེ་ལ་མཐུད་འབྱུང་རང་བཞིན་གྱི་ཕྲ་ཕུང་དམར་པོ་ཧ་ཅང་མང་བས།ཀླད་སྙིང་ཁྲག་རྩའི་ནད་འབྱུང་ཚད་ཤིན་ཏུ་མཐོ།དེས་མི་ཚད་ད་རུང་མཐོ་སྒང་གི་མི་རྣམས་ནི་ཚྭ་མང་བ་དང་ཚིལ་ཞག་མཐོ་བའི་ཟས་རིགས་བཟའ་རྒྱུར་དགའ་བས།མཚོ་སྔོན་ས་ཁུལ་དུ་ཀླད་སྙིང་ཁྲག་རྩའི་ནད་འབྱུང་ཚད་དེ་ས་བབ་དམའ་བའི་ས་ཁུལ་ལས་ལྡབ་འགྱུར་གྱིས་མཐོ་བ་རེད།

པྲོག་གསར་གློ་ཚད་ལ་ཐེབས་པའི་ཤུགས་རྐྱེན།
        ཉེ་ཆར།རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ཚན་ཆུང་གིས་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་།པྲོག་གསར་གློ་ཚད་ཀྱི་གསོ་གཅོས་དང་ནད་པའི་དྲག་སྐྱེད་ལ་འབྲེལ་བའི་གནས་ཚུལ་མཚམས་སྦྱོར་བྱས།ཚོགས་འདུའི་སྟེང་པེ་ཅིན་སློབ་ཆེན་སྨན་ཁང་དང་པོའི་འགོ་ནད་ཚན་ཁག་གི་ཀྲུའུ་རེན་ཝང་ཀུའེ་ཆང་གིས་མཚམས་སྦྱོར་བྱས་པ་སྟེ།ནད་ཀྱི་འབྱུང་རྐྱེན་དང་ནད་ལུགས་གཤག་འབྱེད།ཤི་རྐྱེན་བཅས་ལ་ཞིབ་འཇུག་བྱས་པའི་མཇུག་འབྲས་ལྟར་ན།ཁྲག་རྩ་འགག་པ་དང་སྙིང་རྩ་འགག་པ།མཉམ་སྒྲིལ་རེད་པ་བཅས་ནི་རིམས་ནད་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་ཡིན་ལ།པྲོག་གསར་གློ་ཚད་ནད་དུག་གིས་གློ་བར་གནོད་འཚེ་བཟོ་བར་མ་ཟད།ད་རུང་མཁལ་མ་དང་མཆིན་པ།སྙིང་བཅས་ལའང་གནོད་འཚེ་བཟོ་བས།དལ་གཤིས་ནད་རིགས་ཡོད་པའི་ནད་པར་ནད་དུག་གི་གནོད་འཚེ་ཐེབས་རྗེས་ཤི་ཉེན་ཇེ་མཐོར་བཏང་བ་རེད།

འབྱུང་རྐྱེན།
        འཚོ་བའི་གོམས་གཤིས་ངན་པ་ནི་ཀླད་སྙིང་ཁྲག་རྩའི་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན་པས།དུས་ཡུན་རིང་པོར་ཐ་མག་འཐེན་པ་དང་མཚན་བརྒལ་ཏེ་ལག་ཁྱེར་ཁ་པར་དང་ཤོ་སྦག་རྩེ་བ་སོགས་ཀྱི་གོམས་གཤིས་ངན་པ་ལེགས་བསྒྱུར་བྱེད་དགོས།དུས་ཡུན་རིང་པོར་ཐ་མག་འཐེན་ན་གློ་བར་གནོད་འཚེ་ཐེབས་པར་མ་ཟད།ཀླད་སྙིང་ཁྲག་རྩའི་བདེ་ཐང་ལའང་གནོད་འཚེ་ཐེབས་པ་དང་།དེ་མིན་ད་རུང་ཚྭ་མང་བ་དང་ཚིལ་ཞག་མཐོ་བའི་ཟས་རིགས་ཀྱིས་སྙིང་གི་བདེ་ཐང་ལ་གནོད་པ་ཆེན་པོ་ཐེབས་སྲིད།ཚྭ་མང་བའི་ཟས་རིགས་ནི་སྙིང་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན་ལ།རྒྱུན་དུ་ཚྭ་མང་བའི་ཟས་རིགས་ཟོས་ན་ཁྲག་ཤེད་ཇེ་མཐོར་འགྲོ་བར་མ་ཟད།ཁྲག་གི་ཤོང་ཚད་ཇེ་མང་དུ་སོང་ནས།སྙིང་ཁྲག་གི་འཁོར་རྒྱུག་ཚད་ཇེ་མགྱོགས་སུ་བཏང་བ་ལས་བདེ་ཐང་ཐད་ཀྱི་གནད་དོན་སྣ་ཚོགས་སློང་བ་རེད།སྣུམ་ཞག་ཆེ་བའི་ཟས་རིགས་ཟོས་ན་མཁྲིས་ཟུངས་ཕྲུན་ཇེ་མཐོར་འགྲོ་བ་དང་།དེས་འཕར་རྩ་འཇམ་འདྲའི་སྲ་འགྱུར་བྱུང་སྟེ་འཕར་རྩ་ཇེ་ཕྲར་གཏོང་སྲིད་པ་དང་།སྐབས་དེར་བཟའ་བཏུང་ལེགས་སྒྱུར་མ་བྱས་པར་མུ་མཐུད་དུ་སྣུམ་ཞག་ཆེ་བའི་ཟས་རིགས་མང་དུ་ཟོས་ན་སྙིང་གཟེར་ནད་འབྱུང་བ་དང་། སྣུམ་ཞག་མཐོ་བའི་ཟས་རིགས་བཟའ་རྒྱུ་མང་ན་ད་རུང་ལུས་པོར་ཚོ་རྒྱས་ཤིང་།ཚོ་རྒྱས་པ་ཡིས་ནད་རིགས་མང་པོ་མང་པོ་ཞིག་སློང་སྲིད།དེས་མི་ཚད་ད་རུང་མཚན་བརྒལ་བ་དང་དལ་གཤིས་ནད་རིགས་གསོ་བཅོས་ལེགས་པོ་མི་བྱེད་པ།སེམས་ཀྱི་གནོན་ཤུགས་ཆེ་བ།ཡི་མུག་པ་སོགས་ཀྱིས་ཀྱང་སྙིང་རྩ་འགག་པའི་ཉེན་ཁ་ཇེ་མཐོར་གཏོང་བ་རེད།

ནད་རྟགས།
        དབུགས་འཚང་བ་དང་བྲང་ཁོག་ན་བ།རྒྱུ་རྐྱེན་གང་ཡང་མེད་པར་རྔུལ་ཆུ་བཞུར་བ་བཅས་ཀྱི་ནད་རྟགས་འབྱུང་སྐབས་དོ་སྣང་ལེགས་པོ་བྱེད་དགོས།ནང་སྒོས་སུ་རང་ཉིད་ལ་གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད།སྙིང་གཟེར་ནད་སོགས་ཡོད་པ་ཤེས་པའི་ནད་པས།སྙིང་མི་བདེ་བ་དང་སེམས་འཚབ་པ།དབུགས་འཚང་བ།སྐྱུགས་མེར་ལངས་པ་སོགས་རྒྱུན་མཐོང་གི་ནད་རྟགས་མངོན་སྐབས་དོ་སྣང་ལེགས་པོ་བྱེད་དགོས་པར་མ་ཟད།གསུས་ཁོག་ན་བ་དང་མ་མགལ་ན་བ།དབུགས་ལམ་མི་བདེ་བ།ཕོ་བ་ན་བ།སོ་ན་བ།རྐེད་པ་ན་བ་སོགས་རྒྱུན་མཐོང་མ་ཡིན་པའི་ནད་རྟགས་དག་ཀྱང་སྙིང་རྩ་འགག་པའི་ནད་རྟགས་ཡིན་སྲིད་པས།དོགས་ཟོན་ལེགས་པོ་བྱེད་དགོས་ལ།སྨན་ཁང་དུ་སོང་ནས་ཆེད་ལས་ཀྱི་ཞིབ་བཤེར་བྱེད་དགོས།དེ་མིན་ན་བརྟག་ནོར་འབྱུང་སླ།

སྔོན་འགོག་བྱེད་ཐབས།
        དུས་རྒྱུན་གྱི་འཚོ་བའི་ཁྲོད་ང་ཚོས་གཤམ་གྱི་བྱ་སྤྱོད་འདི་དག་ལ་མཉམ་འཇོག་བྱེད་ཐུབ་ན།ཀླད་སྙིང་ཁྲག་རྩའི་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ།
        ཐོག་མར་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད།ཚོ་རྒྱས་པའི་མི་བཅས་ཀྱིས་རང་སྟེང་གི་ནད་རྙིང་དེ་དག་ཚོད་འཛིན་ལེགས་པོ་བྱེད་དགོས་པ་དང་།སྙིང་གཟེར་ཡོད་པའི་ནད་པས་དུས་ལྟར་སྨན་འཐུང་ནས་སྔོན་འགོག་ལེགས་པོ་བྱེད་དགོས།
        གཉིད་འདང་ཚོད་རོལ་དགོས།དུས་ཡུན་རིང་པོར་གཉིད་ཆགས་ན་དོན་སྣོད་ཀྱི་བྱེད་ནུས་ཉམས་སྲིད་པས་སྙིང་ལ་ཐེབས་པའི་གནོད་འཚེ་ནི་མངོན་གསལ་ཡིན།དེ་བས་དུས་རྒྱུན་དུ་གཉིད་མི་ཆགས་པར་འབད་དགོས་པ་དང་།དགོང་མོ་སྔ་མོར་ཉལ་བ་དང་ཞོགས་པར་སྔ་མོར་ལངས་པ་གོམས་སུ་འཇུག་དགོས།དེ་ལྟར་བྱས་ན་ལུས་པོར་ངལ་གསོ་ཐོབ་པས།སྙིང་གི་བྱེད་ནུས་ཇེ་མཐོར་གཏོང་ཐུབ།
        སྣུམ་ཉུང་བའི་ཟས་རིགས་བསྟེན་དགོས།སྙིང་བདེ་ཐང་ཡོང་དགོས་ན།དུས་རྒྱུན་དུ་སྣུམ་དང་ཀ་ར།ཚྭ་སོགས་ཉུང་བཟའ་བྱས་ཏེ།སིལ་ཏོག་དང་སྔོ་ཚོད་སོགས་ཚི་སྣ་འདུས་ཚད་མཐོ་བའི་ཟས་རིགས་མང་དུ་བསྟེན་དགོས།
        ལུས་སྦྱོང་འོས་འཚམ་བྱེད་པ།ཉིན་རེར་དུས་ཚོད་ངེས་ཅན་གྱི་ལུས་སྦྱོང་བྱེད་དགོས།དཔེར་ན་འཆམ་འཆམ་དུ་འགྲོ་བ་དང་དལ་མོར་རྒྱུག་པ།ཐེའེ་ཅི་དྲག་རྩལ་སྦྱོང་བ།བྱ་སྒྲོའི་སྤོ་ལོ་རྩེ་བ་སོགས་ཀྱི་ལུས་སྦྱོང་འོས་འཚམ་བྱས་ན།སྙིང་རྩ་འགག་པའི་ནད་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ།
        སེམས་ཁམས་ལ་གཡོ་འགུལ་ཆེན་པོ་མི་འབྱུང་བ།འཚོ་བའི་ཁྲོད་སེམས་ཁམས་ལ་བདག་སྐྱོང་ལེགས་པོ་བྱས་ཏེ།སེམས་ཁམས་ལ་གཡོ་འགུལ་ཆེན་པོ་མི་འབྱུང་བར་འབད་དགོས།སེམས་ཁམས་བརྟན་འཇགས་ཡིན་ན་སྙིང་རྩ་འགག་པ་སྔོན་འགོག་བྱེད་ཐུབ།

མྱུར་སྐྱོབ་བྱེད་ཐབས།
        སྙིང་རྩ་འགག་པའི་ནད་ཀྱི་ཆེས་བཟང་བའི་མྱུར་སྐྱོབ་དུས་ཡུན་ནི་ནད་བྱུང་རྗེས་ཀྱི་དུས་ཚོད་གཉིས་རིང་ཡིན་པས།དེ་ལ“གསེར་ལས་ལྷག་པའི་སྐར་མ120”རུ་འབོད།
        སྙིང་རྩ་འགག་པའི་ནད་པ་མྱུར་སྐྱོབ་བྱེད་རྒྱུ་ནི་དུས་ཚོད་དང་མགྱོགས་ཚད་འགྲན་པའི་མྱུར་སྐྱོབ་བྱ་འགུལ་ཞིག་ཡིན་ལ།ནད་བྱུང་བ་ནས་ཁྲག་རྩ་འགག་པ་སེལ་བའི་བར་གྱི་བྱ་བ་ཡོངས་རྫོགས་སྐར་མ120ནང་འགྲུབ་དགོས་པ་དང་།སྐར་མ་གཅིག་འགོར་འགྱངས་བྱས་ནའང་སྙིང་ཤའི་ཕྲ་ཕུང་མང་པོ་ཞིག་ཤི་རྨས་འབྱུང་གིན་ཡོད་པས།མྱུར་སྐྱོབ་ཀྱི་དུས་ཚོད་བཟང་པོར་འགོར་འགྱངས་ཐེབས་ཏེ་ཤི་རྨས་འབྱུང་བའི་གནས་ཚུལ་ཧ་ཅང་མང་།དེ་བས་ཉེ་འགྲམ་གྱི་མི་ལ་སྙིང་རྩ་འགག་པའི་ནད་རྟགས་མངོན་སྐབས།དུས་ཚོད་དང་པོའི་ནང་མྱུར་དུ120མྱུར་སྐྱོབ་ཁ་པར་བཏང་ནས།ནད་པའི་ནད་རྟགས་དང་སྡོད་གནས་སོགས་གསལ་བོར་བཤད་དགོས།དེ་ལྟར་བྱས་ན་ཆེད་ལས་སྨན་པས་ནད་ངོས་ཟིན་ཏེ་མྱུར་དུ་སྐྱོབ་བཅོས་བྱེད་སྲིད་པས།ཤི་རྨས་འབྱུང་ཚད་ཚད་མཐོན་པོས་ཇེ་དམའ་རུ་གཏོང་བར་ཕན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1