སྟེང་པ་བ་ཨ་ཕང་གིས“སྟེང་པའི་ཁྱད་ལྡན་ཕག་པ”གསོ་ཚགས་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། 04-10


—— རྫ་ཡུལ་རྫོང་སྤྱི་གཏོང་གྲོང་ཚོའི་དབུལ་སྒྲོལ་སྐོར་གྱི་མཐོང་ཐོས།



སྟེང་པ་བ་ཨ་ཕང(གཡས)གིས་གྲོང་མི་ཚོར་ཕག་པ་གསོ་སྟངས་སློབ་བཞིན་པ།
          ཉེ་ཆར། གསར་འགོད་པ་རྫ་ཡུལ་རྫོང་སྤྱི་གཏོང་གྲོང་ཚོར་བསྐྱོད་དེ་བོད་ཀྱི་མི་འབོར་ཉུང་ཤོས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཁྱུ་ཚོགས་ཤིག་ཡིན་པའི་སྟེང་པ་བ་ཨ་ཕང་གི་ཕྱུག་འགྱུར་གཏམ་རྒྱུད་ཉན་པ་ཡིན།
          རྫ་ཡུལ་རྫོང་གི་ལྷོ་ནུབ་ཏུ་གནས་པའི་སྤྱི་གཏོང་གྲོང་ཚོ་ནི་རྫ་ཡུལ་རྫོང་གྲོང་དང་བར་ཐག་སྤྱི་ལེ་65ཙམ་ཡོད་པ་དང་སྟེང་པ་བ་གཙོ་བོར་བྱས་པའི་གྲོང་ཚོ་ཞིག་ཡིན་ཞིང་། གྲོང་ཚོ་དེར་དུད་ཚང་26དང་མི་115ཡོད་ལ་སྔོན་ཆད་དུད་ཚང་ཚང་མ་མ་མཐའི་འཚོ་བའི་འགན་ལེན་གྱི་དུད་ཚང་ཡིན་པས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད།
          ད་ཆ་སྤྱི་གཏོང་གྲོང་ཚོར་སྐྱོད་སྐབས་མིག་ལམ་དུ་མངོན་པ་ནི་སྔོ་ཐིང་ཐིང་གི་འབྲས་ཞིང་དང་། འགྱིག་ཤོག་གཡོགས་ནས་སྨིན་ལ་ཁད་ཀྱི་སྤྲེལ་ཁམ། གྲལ་སྟར་སྒྲིག་པའི་སྡོད་ཁང་གསར་པ། དགའ་སྤྲོའི་འཛུམ་མདངས་འཕྱུར་ཞིང་རྩེད་འཇོར་རོལ་བའི་བྱིས་པ་བཅས་རེད།
          རི་སྐོར་ལམ་འགྲམ་དུ་སྟབས་བདེ་ལ་ཐུན་མོང་མ་ཡིན་པའི་ཁང་པ་ཞིག་གིས་གསར་འགོད་པའི་ཡིད་དབང་རྦད་དེ་འཕྲོག དེ་ནི་ཨ་ཕང་གི“སྟེང་པའི་བྲོ་ལྡན་ཕག་པའི”གསོ་ཚགས་ར་བ་རེད། ཨ་ཕང་གིས་ཕག་གསོ་ར་བར་མཛུབ་མོ་བཙུགས་ཏེ“རང་ཉིད་ཀྱིས་ཕག་གསོ་ར་བ་གཉེར་སྐྱོང་བྱེད་པར་གནོན་ཤུགས་ཆེ་ཙམ་ཡོད། གང་ལགས་ཤེ་ན། ང་ཚོའི་ཁྱིམ་ཚང་ཚུད་པའི་དུད་ཚང་15ཡི་གྲོང་མིའི་འཚོ་བར་ཤུགས་རྐྱེན་ཐེབས་པས་རེད། འོན་ཀྱང་ངས་ཁོང་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་དུ་སྐྱོད་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་བརྗོད། ཨ་ཕང་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་རེད་ལ་རྫ་ཡུལ་རྫོང་སྤྱི་གཏོང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡང་རེད། ཁོང་གིས“མཉམ་ལས་ཁང+དུད་ཚང་དབུལ་པོའི”བྱེད་ཐབས་སྤྱད་དེ། དུད་ཚང་དབུལ་པོའི་གྲོང་མི་གསོ་ཚགས་ར་བར་ལས་མིར་བསྡུས་ནས་ཕག་པ་གསོ་སྟངས་བསླབ་པ་མ་ཟད། མ་རྐང་བཞིན་ཁེ་སྤོགས་བགོ་བཤའ་ཡང་བརྒྱབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཕག་གསོ་ར་བས་སྤྱི་གཏོང་གྲོང་ཚོའི་དུད་ཚང་དབུལ་པོར་ལོ་རེར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3000དང་ལོ་རེར་གྲོང་ཚོའི་མཉམ་སྡེབ་ཀྱི་ཁ་གསབ་དངུལ་སྒོར་3000སྤྲད་ནས་གྲོང་ཚོར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
          བོད་ཀྱི་ཤར་ནུབ་ནགས་ཁུལ་དུ་འཚོ་སྡོད་བྱེད་པའི་བོད་ཕག་དེ་རིགས་ཉེ་རིང་གང་སར་སྐད་གྲགས་ཆོད་ཅིང་། མཉམ་ལས་ཁང་ཐོག་མར་འཛུགས་སྐབས་ཨ་ཕང་གིས་བོད་ཕག་10ནགས་ཁྲོད་དུ་གློད་དེ་རི་ཕག་དང་རྒྱུད་འདྲེས་རྒྱུད་འཕེལ་བྱེད་དུ་བཅུག་པ་དང་། དེ་རྗེས་ཕག་ཕྲུག་ནགས་ཁྲོད་དུ་གློད་ཡོད། ལོ་གསུམ་གྱི་རྗེས་སུ་ཕག་གསོ་ར་བས“སྟེང་པའི་ཁྱད་ལྡན་ཕག་པ”200ལྷག་ཙམ་བཤས་བཏང་བ་དང་མིག་སྔར་ལག་ཡོད་ཕག་པ་མགོ་གྲངས་300ལྷག་ཙམ་ཡོད།
          མཉམ་ལས་ཁང་བཙུགས་ཚུན། ཨ་ཕང་གིས་ལོ་རེའི་སྟོན་ཁར་དུད་ཚང་དབུལ་པོ་18ཀྱི་ས་ནས་འབྲས་ཉོས་ཏེ་དུད་ཚང་དབུལ་པོར་ལོ་རེར་ཡོང་འབབ་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་། ན་ནིང་ཕག་གསོ་ར་བས་སྒོར་ཁྲི་7ལྷག་ཙམ་བཏང་ནས་འབྲས་ཉོས་ཡོད། གཞན་ཡང་གྲོང་ཚོའི་གྲོང་མི་200ལྷག་ཙམ་མཉམ་ལས་ཁང་དུ་གླ་པར་བསྐྱོད་པ་དེ་དག་གཙོ་བོ་ཕག་ཚང་གཙང་སེལ་དང་། རྩྭ་ངན་བཀོག་པ། ཕག་པའི་གཟན་རྩྭ་གཡོས་སྦྱོར། ཕག་ལྟོ་སྟེར་བ་སོགས་ཀྱི་འགན་འཁུར་གྱི་ཡོད། མི་རེར་ཉིན་རེར་ལས་མིར་བསྐྱོད་པའི་ཡོང་འབབ་སྒོར་160ཡོད་ལ་ཉིན་རེའི་ལྟོ་ཐེངས་གསུམ་ཡང་རིན་མེད་ངང་སྟེར་གྱི་ཡོད། རྒྱུན་རིང་མཉམ་ལས་ཁང་དུ་ལས་མིར་འགྲོ་མཁན་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོད་པ་དང་དུས་ཐུང་ལོ་གཅིག་གླ་པ་བྱས་ན་ཡོང་འབབ་སྒོར་4000ལྷག་ཙམ་རག་གི་ཡོད།
          འདི་ལོ་རྫོང་ཐོན་ལས་གཞུང་ལས་ཁང་གིས་ཕག་གསོ་ར་བར་རོགས་སྐྱོར་མ་དངུལ་སྒོར་ཁྲི་50སྤྲད་པ་དེ་དག་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་སྤྱད་ཡོད་ཅེས་ཨ་ཕང་གིས་བརྗོད། གོམ་སྟབས་རྗེས་མར་ཁོང་གིས་གསོ་ཚགས་ར་བར་ཕག་པ་མགོ་གྲངས་1000བར་མང་དུ་གཏོང་རྒྱུ་མ་ཟད། “སྟེང་པའི་ཁྱད་ལྡན་ཕག་པའི”ཚོང་རྟགས་ཀྱང་ཐོ་འགོད་བྱས་ཏེ“སྟེང་པའི་ཁྱད་ལྡན་ཕག་པའི”ཤ་བཙོས་མའི་ལས་སྣོན་བཟོ་ཁང་གཉེར་བ་དང་། བསྙལ་ཤ་དང་རྒྱུ་སྐམ་སོགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱས་ནས་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་རྩིས་ཡོད་པ་རེད།
          སྙན་འཇེབས་ལྡན་ལ་མི་སེམས་འགུལ་བའི་གླུ་དབྱངས་ཉན་པ་དང“སྟེང་པའི་ཁྱད་ལྡན་ཕག་ཤ”དང་རོ་བཅུད་ལྡན་པའི་རི་སྐྱེས་སྔོ་ཚལ་གྱི་བྲོ་བ་མྱངས་ཤིང་། གནས་འདིར་ང་ཚོས་སྟེང་པ་བའི་བདེ་སྐྱིད་ཚོར་སེམས་ཆེན་པོའི་བདེན་དཔང་བྱས་ཡོད། རི་སྟེང་ནས་རི་གཤམ་དང་། རྗེས་ལུས་ནས་ཤེས་དཔལ། དབུལ་ཕོངས་ནས་འབྱོར་ཕྱུག་བཅས་བར་སྟེང་པ་བའི་བསམ་བློའི་ལྟ་བ་དང་འཚོ་བ་སྐྱེལ་སྟངས་ལ་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་མཆིས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1