མཐོ་རྒྱུགས་དང་འབྲིང་རྒྱུགས་ཇི་ལྟར་ལེན་རྒྱུ་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-28



 འདི་ནི་ད་ལོའི་མཐོ་རྒྱུགས་ལ་ཞུགས་མཁན་ཕྲུ་གུ་ཚོས་བསྐྱར་སྦྱོང་བྱེད་བཞིན་པ།
     ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2020ལོའི་མཐོ་རྒྱུགས་བར་ད་དུང་ཉིན་14ཡོད། ད་ལོ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་མཐོ་རྒྱུགས་མིང་ཐོ་འགོད་མཁན་མི་གྲངས་913ཡོད་ཅིང་། འབྲིང་རྒྱུགས་ཀྱི་མིང་ཐོ་འགོད་མཁན་མི་གྲངས་809ཡོད་པ་རེད། རྒྱུན་རྣམ་ཅན་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འོག  རྒྱུགས་ལེན་ཇི་ལྟར་བཀོད་སྒྲིག་བྱེད་དགོས་སམ། ཟླ་6ཚེས་22ཉིན་དཀར་མཛེས་རྫོང་གིས་ཆེད་མངགས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་མཐོ་རྒྱུགས་ཀྱི་དུས་ཚོད་ནི་ཟླ་7ཚེས་7ཉིན་ནས་ཟླ་7ཚེས་9ཉིན་བར་ཡིན་པ་དང་། འབྲིང་རྒྱུགས་ཀྱི་དུས་ཚོད་ནི་ཟླ་7ཚེས་13ཉིན་ནས་ཟླ་7ཚེས་15ཉིན་བར་ཡིན། དཀར་མཛེས་རྫོང་གི་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་རྒྱུགས་ར་ཚང་མ་དཀར་མཛེས་རྫོང་སློབ་འབྲིང་དུ་བཙུགས་ཡོད། ད་ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མར་མིང་ཐོ་འགོད་མཁན་མི་གྲངས་913ཡོད་པ་དང་། དེའི་ནང་རིག་གནས་ཚན་ཁག་ཏུ་མི་493ཡོད་པ་དང་། རང་བྱུང་ཚན་རིག་ཚན་ཁག་ཏུ་མི་14ཡོད། ཁ་གཏད་མཐོ་རིམ་ལས་རིགས་སློབ་གྲྭར་མི་82དང་། བོད་ཡིག་དཔེ་གཞིའི་རིག་གནས་ཚན་ཁག་ཏུ་མི་263ཡོད་པ་དང་། བོད་ཡིག་དཔེ་གཞིའི་རང་བྱུང་ཚན་རིག་ཚན་ཁག་ཏུ་མི་61བཅས་ཡོད། འདི་ནི་ད་བར་རྒྱུགས་ལེན་ནང་ཞུགས་མཁན་མང་ཤོས་ཀྱི་ལོ་ཞིག་ཡིན་ལ། དཀར་མཛེས་ཁུལ་གྱི་རྒྱུགས་སྤྲོད་སློབ་མ་དང་འབྲེལ་བའི་ཚན་ཁག་མང་ཤོས་ཀྱི་རྫོང་ཞིག་ཀྱང་རེད། རྒྱུགས་ར་28དང་། གྲབས་སྤྱོད་རྒྱུགས་ར་1 རྒྱུགས་ཤོག་འགྲེམས་ཁང་1 དམིགས་བསལ་རྒྱུགས་ར་3བཅས་ཁྱོན་ཚད་ལྡན་རྒྱུགས་ར་33དགོས་ཀྱི་ཡོད།
     ད་ལོའི་དཀར་མཛེས་རྫོང་གི་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་809ཡིན་ལ། རིགས་དང་པོའི་རྒྱུགས་སྤྲོད་སློབ་མ་579དང་རིགས་གཉིས་པའི་རྒྱུགས་སྤྲོད་སློབ་མ་230ཡོད་པ་རེད། ཚད་ལྡན་རྒྱུགས་ར་33སྤྱོད་དགོས་ཀྱི་ཡོད།
     ད་ལོ་སྔོན་ཆད་དང་མི་འདྲ་བ་ཞིག་ནི། རིམས་འགོག་གི་དགོས་མཁོར་གཞོགས་འདེགས་བྱ་ཆེད། ད་ལོ་འབྲིང་རྒྱུགས་དང་མཐོ་རྒྱུགས་ནང་ཞུགས་མཁན་ལས་དོན་མི་སྣ་150ལྷག་ཙམ་གྱིས་དུས་ཡུན་ཉིན་14རིང་གཟུགས་པོའི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་རེད། དེའི་རིང་མི་སྣ་མི་བརྗེ་ཞིང་མང་དུའང་གཏོང་རྒྱུ་མིན་པ་རེད།
     དཀར་མཛེས་རྫོང་སློབ་གསོ་ཅུས་ཀྱི་ལས་དོན་མི་སྣས་ད་ལོའི“ཡིག་རྒྱུགས་གཉིས”(འབྲིང་རྒྱུགས་དང་མཐོ་རྒྱུགས)ཀྱི་ཚོགས་ཆུང་གིས་རྒྱུན་གཏན་གྱི་གྲ་སྒྲིག་ལས་དོན་ལེགས་སྒྲུབ་བྱས་པ་ཕུད། ནུས་ཤུགས་མང་ཆེ་བ་རིམས་འགོག་ཐད་སྤྱོད་ཡོད། མིག་སྔར་གྲ་སྒྲིག་ལས་དོན་བདེ་བླག་བྱུང་ཡོད་ལ། དེ་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱུགས་སྤྲོད་ས་ཚིགས་སུ་བསྐྱོད་དེ་རྒྱུགས་སྤྲོད་སློབ་མ་ཡོངས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་གསོ་སྦྱོང་དང་། ཡིད་རྟོན་དཔྱད་གཞིའི་སློབ་གསོ། རྒྱུགས་ལེན་ལས་དོན་མི་སྣར་གསོ་སྦྱོང་བཅས་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་ལེན་ལས་དོན་མི་སྣ་ཡོངས་ལ་ཡིག་རྒྱུགས་མ་བཏང་གོང་གི་ཉིན་14ཡི་ནང་རྒྱུན་མཐུད་བདེ་ཐང་ལྟ་ཞིབ་ཚད་ལེན་ཐོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བརྗོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1