མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཐང་རྒོད་བྱི་ལར་ཆེད་དོན་བརྟག་དཔྱད་ཐོག་མ་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-03


    ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གསར་འགོད་པས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཅུས་དེས་པེ་ཅིང་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་ཚན་ཞིབ་ཚོགས་པར་མངགས་བཅོལ་བྱས་པའི་བརྟག་དཔྱད་རྣམ་གྲངས་ཤིག་ལས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་དུ་འདུས་ཚད་ཅུང་མང་བའི་ཐང་རྒོད་བྱི་ལའི་རིགས་ཚོགས་ཁྱབ་ཡོད་པ་ནི་ད་ལྟའི་དུས་རིམ་ནང་རང་རྒྱལ་གྱི་ཐང་རྒོད་བྱི་ལ་མཐོང་སླ་བའི་ས་ཁོངས་ཡིན་པ་ཐོག་མའི་གཏན་འཁེལ་བྱས་ཡོད།

   ཚན་ཞིབ་ཚོགས་པ་དེས་དུས་ཡུན་ཉིན་30ལྷག་ཙམ་སྤྱད་ནས། ཞོགས་པའི་སྐོར་གཡེང་དང་མཚན་མོའི་སྐོར་གཡེང་བྱས་ནས་བྱི་ལའི་སྐྱག་གཅིན་འཚོལ་བསྡུ་དང་། དམར་ཕྱིའི་འོད་ཀྱི་པར་ཆས་སྒྲིག་སྦྱོར། བཅར་འདྲི་སོགས་རྣམ་པ་སྣ་ཚོགས་ཀྱི་བྱ་ཐབས་སྤྱད་ནས་ཐང་རྒོད་བྱི་ལའི་ཁྱུ་ཚོགས་ཁྱབ་ཚུལ་དང་། གྲུབ་ཆ། སྣོད་བཅུད་རིག་པའི་བྱ་སྤྱོད། ད་ལྟའི་འཇིགས་སྐུལ་གནས་ཚུལ་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་རེད། བརྟག་དཔྱད་ཁྱབ་ཁོངས་དེ་རྒྱལ་ཁབ་སྤྱི་གླིང་ནང་གི་མོན་ཡོན་ཧུད་རིགས་རང་སྐྱོང་རྫོང་གི་ལའོ་ལུང་དབན་དང་། མདོ་ལ་རྫོང་གི་ཡིའུ་ཧུའུ་ལུའུ། ཐེམ་ཆེན་རྫོང་གི་སུའུ་ལི་སོགས་ས་ཁོངས་དང་འབྲེལ་བ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་3000ཡོད།


    ཤེས་རྟོགས་བྱུང་བར་གཞིགས། ད་ཐེངས་ཀྱི་བརྟག་དཔྱད་བྱེད་རིང་པར་ཆས་18ཀྱིས་ཉིན་9ཡི་ནང་ཐང་རྒོད་བྱི་ལར་འཚོལ་ཞིབ་ཐེངས་13བྱས་པ་དང་། ལས་དོན་མི་སྣས་ཐང་རྒོད་བྱི་ལ་ཐེངས་7མཐོང་བ་དང་། ཐང་རྒོད་བྱི་ལའི་སྐྱག་གཅིན་དངོས་དཔེ་133དང་། ཐང་རྒོད་བྱི་ལ་ཤི་རོའི་དངོས་དཔེ་ཐེངས་3འཚོལ་བསྡུ་བྱས་ཡོད། “དུས་ཡུན་རིང་པོའི་ནང་གི་ཐང་རྒོད་བྱི་ལའི་བྱ་སྤྱོད་གསང་བ་དང་། རིགས་ཁྱུའི་གྲངས་འབོར་ཅུང་ཉུང་བས། འདི་འདྲའི་མཐོང་མང་བ་ལས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་གྱི་ཁྱབ་ཁོངས་སུ་ཐང་རྒོད་བྱི་ལ་ཁྱབ་རྒྱ་ཅུང་ཆེན་པོ་ཡོད་པ་ཐོག་མའི་གཏན་འཁེལ་བྱེད་ཐུབ་”ཞེས་ཚན་ཞིབ་ཚོགས་པའི་ཕྱི་རོལ་བརྟག་དཔྱད་ལས་དོན་གྱི་འགན་འཁུར་བ་ལིའུ་ཡན་ལིན་གྱིས་དེ་ལྟར་བཤད།
    ཚོགས་པའི་ཁོངས་མི་ཡན་ཕིན་ཧྥ་ཡིས་ཕྱིར་དྲན་བྱས་ནས། ཟླ་5ཚེས་17ཉིན་གྱི་ཆུ་ཚོད་22ཙམ་ལ། བརྟག་དཔྱད་ཚོགས་པས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་མོན་ཡོན་ཧུད་རིགས་རང་སྐྱོང་རྫོང་གི་ས་ཁོངས་སུ་མཚན་མོ་སྐོར་གཡེང་བྱེད་སྐབས་གྲིབ་གཟུགས་ནག་པོ་ཞིག་གཞུང་ལམ་གཡོན་ཕྱོགས་ཀྱི་གླ་ཚེར་ཚལ་ནས་འགྲོ་བ་མཐོང་བྱུང་། “ང་ཚོས་མྱུར་དུ་རླངས་འཁོར་ཁ་བཀག་ནས་པར་ལེན་ལྟ་ཞིབ་བྱས་པ་ཡིན། བྱི་ལ་འདྲ་བའི་སྲོག་ཆགས་འདིས་ང་ཚོར་བལྟ་ཙམ་བྱས་རྗེས་མྱུར་དུ་རི་ངོས་སུ་མཆོང་ནས་སྡོང་ཕྲན་ནགས་རྫོབ་ནང་འཛུལ་སོང་། ”ལས་དོན་མི་སྣས་དབྱེ་ཞིབ་བྱས་པ་བརྒྱུད་དེ་ནི་ཐང་རྒོད་བྱི་ལ་ཡིན་པ་གཏན་འཁེལ་བྱས་པ་རེད།
    ཐང་རྒོད་བྱི་ལ་ནི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན། དེ་ནི་རང་རྒྱལ་གྱི་བྱི་ལའི་རིགས་ཚན་གྱི་སྲོག་ཆགས་ཁྲོད་ཀྱི་དམིགས་བསལ་རིགས་གཅིག་པུ་དེ་ཡིན། གཙོ་བོ་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དུ་ཁྱབ་ཡོད། མིག་སྔར་རང་རྒྱལ་དུ་ཐང་རྒོད་བྱི་ལ་དང་འབྲེལ་བའི་ཟིན་ཐོ་མང་པོ་མེད། ཡན་ཕིན་ཧྥ་ཡིས་བརྗོད་དོན།  ཐེངས་འདིའི་ཆེད་དོན་བརྟག་དཔྱད་ལས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཐང་རྒོད་བྱི་ལའི་མ་ལག་ལ་བརྟག་དཔྱད་བྱེད་འགོ་ཚུགས་པ་མ་ཟད། ད་དུང་ཤྭ་བ་མཆུ་དཀར་དང་ཤྭ་བ་སེར་ཆེན་སོགས་རྨིག་པ་ཅན་གྱི་སྲོག་ཆགས་རིགས་ཀྱང་ཤེས་རྟོགས་བྱུང་ཡོད། ས་མཐོའི་ཨ་བྲ་དང་རི་བོང་སོགས་འོ་འཐུང་སྲོག་ཆགས་ཆུང་གྲས་དང་བྱ་རིགས་ཀྱི་གྲངས་འབོར་ཕུན་སུམ་ཚོགས་པོ་ཡོད་པས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་སྡོད་ཁོར་ཡུག་ཡག་པོ་ཡོད་པ་མཚོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1