བོད་ལྗོངས་སྦྲག་སྲིད་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱིས་སྒོ་བྱང་བཀལ་ནས་ཞིང་ལས་ཐོན་རྫས་དང་བཟོ་རྩལ་ཐོན་རྫས་རིགས་95དྲ་ཐོག་ཏུ་ཞུགས་པ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-06



          ཉེ་ཆར་ཀྲུང་གོའི་སྦྲག་སྲིད་ཚོགས་པ་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སིས་(གཤམ་དུ་བོད་ལྗོངས་སྦྲག་སྲིད་ཅེས་བསྡུ་རྒྱུ)གྲོང་གསེབ་ཀྱི་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་མཛད་སྒོ་སྤེལ་ཞིང་། དེས་“བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་བསྐྱོད་པ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་བསྐྱོད་པའི་ཕྱོགས་གཉིས་ཟོག་འགྲེམ་བགྲོད་ལམ་ཤར་གཏོང་ཐུབ་པ་མཚོན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཞབས་ཞུ་ལྟེ་གནས་དེས་གྲོང་ཁྱེར་(ས་ཁུལ)བདུན་གྱི་བརྗོད་དོན་ཁང་བཙུགས་ནས་ཚད་ལྡན་ཅན་གྱི་ཞིང་ལས་ཐོན་རྫས་དང་བཟོ་རྩལ་ཐོན་རྫས་རིགས་95དྲ་ཐོག་ཏུ་ཞུགས་ཤིང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཞིང་འབྲོག་མང་ཚོགས་ཀྱིས་གྲོང་ཚོའི་ནང་སྤུས་ལེགས་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་ལོངས་སྤྱོད་བྱ་ཐུབ་པ་དང་། དེ་དང་ཆབས་ཅིག་གྲོང་ཁྱེར་གྱི་གྲོང་མིས་དྲ་ངོས་བརྒྱུད་ནས་མཁོ་ཆེ་བའི་ཞིང་ལས་ཐོན་རྫས་དང་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ཉོ་ཆོག་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སྦྲག་སྲིད་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས་དེས་གྲོང་ཁྱེར་(ས་ཁུལ)བདུན་གྱི་བརྗོད་དོན་ཁང་བཙུགས་ནས་ཚད་ལྡན་ཅན་གྱི་ཞིང་ལས་ཐོན་རྫས་དང་བཟོ་རྩལ་ཐོན་རྫས་རིགས་95དྲ་ཐོག་ཏུ་ཞུགས་ཤིང་། ཐོན་རྫས་ཀྱི་ཁྲོད་དུ་གྲོང་ཁྱེར་དང་ས་གནས་ཁག་ནས་བསྡུ་རུབ་བྱས་པའི་དབུལ་སྐྱོར་ཐོན་རྫས་དང་། ཞིང་ལས་གྲོང་གསེབ་ཐིང་གིས་དམིགས་འཛུགས་བྱས་པའི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་མཉམ་ལས་ཁང་གི་ཐོན་རྫས། བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཕན་ཁེ་ལས་ཀྱི་ཐོན་རྫས། སློབ་ཆེན་སློབ་མའི་ལས་གཏོད་ཐོན་རྫས་ཁག་ཅིག་ཀྱང་བཅས་འདུས་ཡོད་པ་རེད།
          ཉེ་བའི་ལོ་ཤས་རིང་བོད་ལྗོངས་སྦྲག་སྲིད་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་པོས་བཏང་ཞིང་། མིག་སྔའི་བར་དྲ་ཐོག་གི་ཐབས་ལམ་གཏོད་པའི་ཐད་ལྗོངས་ཡོངས་ཀྱི་སྦྲག་སྲིད་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་དྲ་ཚིགས་776བསྐྲུན་པ་དང་། དེའི་ནང་སྦྲག་སྲིད་རང་གིས་གཉེར་བའི་དྲ་ཚིགས་425དང་རྩེག་སྣོན་ལས་སྒོ་ཁག་གསུམ་ཡོད་པ་མ་ཟད། བྲིན་ཚོང་གཞི་གྲངས་མཐོང་ཐུབ་པའི་གཞི་གྲངས་ཅན་གྱི་སྤུས་ལེགས་ས་ཚིགས་212ཡོད་ཅིང་། རྫོང་(ཁུལ)74ཡི་ས་གནས་དབུལ་སྐྱོར་ཁང་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་པ་ལེགས་གྲུབ་བྱུང་ཡོད།

          བོད་ལྗོངས་སྦྲག་སྲིད་ཀྱི་སྤྱི་གཉེར་བ་གཞོན་པ་ལྷག་པ་ཚེ་རིང་གིས་བོད་ལྗོངས་སྦྲག་སྲིད་ཀུང་སིས་ལས་སྟེགས་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཟོག་འགྲེམ་གྱི་ལེགས་ཆ་བཅས་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མཚོན་བྱེད་རང་བཞིན་གྱི་ཞིང་འབྲོག་ཐོན་ཁུལ་ལ་དམིགས་ནས་“ཞིང་ལས་ཐོན་རྫས་སྤུས་དག་གི་དཔེ་དབྱིབས”བཏོད་དེ་བྲིན་ཚོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་རྩ་བའི་མགྲོན་པོ་རག་ཐུབ་པ་བྱེད་དགོས། དུས་མཚུངས་སུ་ས་གནས་སོ་སོའི་རོང་འབྲོག་ཁུལ་གྱི་མཉམ་ལས་ཁང་གི་མཚོན་བྱེད་རང་བཞིན་གྱི་ཞིང་ལས་ཐོན་རྫས་འགོ་འཛུགས་ས་བྱས་ཏེ་“བྲོ་བ་མི་འགྱུར་ཐོག་མའི་ཐོན་ཡུལ་འདྲ། སྤུས་ལེགས་བདེ་འཇགས་ཐད་ནས་ཁུངས་དེད་ཆོག”ཅེས་པའི་རིན་ཐང་གི་འདོད་ཚུལ་བསྟན། དེ་ཡང་“རྫོང་གཅིག་ལ་ཐོན་རྫས་སྣ་གཅིག་”གི་ཐོན་རྫས་ནང་འདྲེན་བྱེད་པའི་འཆར་གཞི་ལྟར། རྒྱལ་ཡོངས་གཅིག་གྱུར་གྱི་“སྦྲག་སྲིད་ཞིང་ལས་ཐོན་རྫས་”ཀྱི་སྤུས་རྟགས་སྐྱེད་སྲིང་བྱས་ཏེ་རིམ་པ་བཞིན་དུ་ཐོན་སྐྱེད་དང་བྲིན་ཚོང་། བཙོངས་རྗེས་ཀྱི་ཞབས་ཞུ་བཅས་གོ་རིམ་ཡོངས་རྫོགས་ཚད་ལྡན་ཚོང་རྟགས་ཀྱི་ཚད་གཞིར་སླེབས་པ་བྱེད་དགོས། གཞན་ཡང་ཐོན་རྫས་ཀྱི་རིགས་ཕུན་སུམ་ཚོགས་པར་བཏང་ནས་“སྦྲག་སྲིད་དྲ་ཚིགས་དང་། སྦྲག་སྲིད་སྤྲོ་སྐྱིད་དྲ་བ། སྦྲག་སྲིད་སྤྲོ་སྐྱིད་ཞིང་ལས་ཐོན་རྫས”བཅས་ལས་གྲུབ་པའི་ཐོན་སྐྱེད་དང་བྲིན་ཚོང་གི་འབྲེལ་མཐུད་མ་ལག་ཅིག་འཛུགས་དགོས་ཞེས་བཤད།
          གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གོང་འཕེལ་གཏོང་རྒྱུ་ནི་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མྱུར་ཚད་བསྐྱེད་ཆས་ཤིག་དང་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་སྒྱུར་བཀོད་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཅན་ཞིག་བཅས་ཡིན་པ་རེད། བོད་ལྗོངས་སྦྲག་སྲིད་དང་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་“གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་གཉེར་སྐྱོང་”གི་གོ་སྐབས་དམ་འཛིན་བྱས་ནས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་ཡིད་ཆེས་ཀྱི་འབྲེལ་བ་བཟང་པོ་འཛུགས་པ་དང་། མཉམ་ལས་བྱེད་སྟངས་ལ་ཐུན་མོང་གིས་ཞིབ་འཇུག་བྱས་ནས་ལས་སྒོའི་བར་སྟོང་རྒྱ་བསྐྱེད་དགོས། ཐོན་འཚོང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་སྦྲག་སྲིད་གློག་རྡུལ་ཚོང་དོན་དང་ཁག་བགོས་བྲིན་ཚོང་ཞབས་ཞུ་སྔར་ལས་ལེགས་པར་སྤྱོད་པ་དང་། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དཔེ་སྟོན་རྫོང་དང་མཉམ་ལས་ཐོན་རྫས་ཚོང་གཉེར་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས།  སྤུས་རྟགས་ཇུས་འགོད་དང་འོས་སྦྱོར་གྱི་ཞབས་ཞུ་མཁོ་འདོན་བྱ་བ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གྱི་ཟོག་འགྲེམ་ཞབས་ཞུའི་ཐད་སྟབས་བདེ་བསྐྲུན་ནས་གྲོང་གསེབ་ཏུ་སྦྲག་སྲིད་ཟོག་འགྲེམ་མ་ལག་གི་དྲ་རྒྱའི་ལེགས་ཆ་སྔར་བས་འདོན་སྤེལ་གང་ལེགས་བྱེད་པ། བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ལ་གཞིགས་ནས་ཧེ་བག་ཅན་གྱི་ཟོག་འགྲེམ་སྒྲིག་བཟོའི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཞིང་ལས་ཐོན་རྫས་འཁོར་རྒྱུག་དང་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་སྐྱེལ་ཐུབ་པ་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1