རིག་གནས་ཀྱི་མཚན་སྙན་ལ་བརྟེན་ནས་ལྗོངས་སྐོར་གོང་དུ་སྤེལ།

རྡོ་རྗེ་དཔལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 07-31



     མཐོ་སྒང་གི་མུ་ཏིག་གྲོང་ཁྱེར་ཅེས་གྲགས་པའི་འབར་ཁམས་གྲོང་ཁྱེར་གྱིས་ལྗོངས་སྐོར་འཕེལ་རྒྱས་དམིགས་ཡུལ་དུ་བཟུང་ཞིང་། རྒྱལ་རོང་རིག་གནས་དང་སྐྱེ་ཁམས་ལྗོངས་སྐོར། གསར་བརྗེ་གནས་རྙིང་། དམངས་སྲོལ་རིག་གནས་སོགས་ཀྱི་ཐོན་ཁུངས་སྔོག་འདོན་དང་གོང་དུ་སྤེལ་ནས། ལྗོངས་སྐོར་ལས་རིགས་གོང་ནས་གོང་དུ་སྤེལ་བཞིན་འདུག




རྒྱལ་རོང་གི་སྲོལ་རྒྱུན་འཚེམ་བཟོ་ལག་རྩལ་འཛིན་སྐྱོང་སྤེལ་གསུམ་བྱེད།
     ཉེ་སྔོན། གསར་འགོད་པ་འབར་ཁམས་གྲོང་རྡལ་ཚེ་དཔལ་གྲོང་སྡེའི་རྒྱལ་རོང་གི་འཚེམ་བཟོ་མཉམ་ལས་ཁང་དུ་ཐོན་པ་ན། རྫོང་རིམ་དངོས་མིན་ཤུལ་བཞག་རིག་གནས་རྒྱལ་རོང་གི་འཚེམ་བཟོ་ལག་རྩལ་རྒྱུད་འཛིན་པ་རིག་འཛིན་འཚོས་འཚེམ་བཟོ་མཁན་20ལྷག་ལ་ལག་རྩལ་ཁྲིད་བཞིན་འདུག
     རིག་འཛིན་འཚོ་ཡིས་དུས་སྐབས་འདིར་འཚེམ་བཟོ་ཐོན་རྫས་ཉོ་མཁན་ཤིན་ཏུ་མང་ཀི། ངས་ཁ་པར་དང་སྐད་འཕྲིན་ལམ་ནས་འཚེམ་བཟོ་མཁན་རྣམས་ལ་བརྡ་བཏང་ནས་འཚེམ་བཟོ་བྱེད་བཞིན་ཡོད་ཅེས་བཤད། 2018ལོར་མཉམ་ལས་ཁང་ཚུགས་མ་ཐག་གྲོང་སྡེ་དེའི་འཚེམ་བཟོ་མཁན་རྣམས་བསྡུས་པ་ཡིན་ལ། ད་ལྟ། འབར་ཁམས་གྲོང་ཁྱེར་གྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཚེམ་བཟོ་མཁན་300བསྡུས་ཡོད་ལ། དེ་ལས་འཚེམ་བཟོ་མཁན་70ནི་དབུལ་བོ་རེད།
     སྡེ་མི་བསོད་ནམས་སྨན་གྱིས་མཉམ་ལས་ཁང་ཚུགས་པ་ནས་ང་རང་ནང་དུ་ཞུགས་པ་ཡིན་ལ། མཉམ་ལས་ཁང་གིས་ངའི་འཚེམ་དྲུབ་ཅོ་འཕེན་སོགས་འཚོང་རོགས་བྱས་ཏེ། ལོ་རེར་ཡོང་འབབ་སྒོར་3000ལྷག་ཇེ་མང་དུ་སོང་ཡོད་ཅེས་བཤད།
     འབར་ཁམས་གྲོང་ཁྱེར་གཡུ་འབྲུག་གྲོང་སྡེར་ཆགས་པའི་བྱམས་ལྡན་བོད་སྤོས་སྒྱུ་རྩལ་རྟེན་གཞི་ནི་སྲོལ་རྒྱུན་གྱི་བོད་སྤོས་ཐོན་སྐྱེད་བྱེད་ས་ཞིག་རེད། འགན་འཁུར་བ་ཤེས་རབ་ཀྱིས་2011ལོར་བོད་སྤོས་བཟོ་རྩལ་ལ་ཞིབ་འཇུག་བྱས་ཤིང་། 2017ལོར་ཁོས་ཞིབ་འཇུག་དང་སྡེབ་བཟོ་བྱས་པའི་བོད་སྤོས་ཚོང་རར་བཀྲམས་པར་མ་ཟད། 2018ལོར་སི་ཁྲོན་ཞིང་ཆེན་གྱི་ལྗོངས་སྐོར་རིག་གནས་གསར་གཏོད་ཐོན་རྫས་ཆེན་པོ་བཅུ་དང་ཀྲུང་གོའི་ཁྱད་ལྡན་ལྗོངས་སྐོར་ཐོན་རྫས་ཀྱི་བྱ་དགའ་ཐོབ། ད་ལྟ། འབྲེལ་ཡོད་སྲིད་ཇུས་ཀྱི་རོགས་སྐྱོར་དང་འབར་ཁམས་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག བྱམས་ལྡན་བོད་སྤོས་རྟེན་གཞིས་བོད་སྤུས་ཚད་ལྡན་ཅན་དུ་ཐོན་སྐྱེད་བྱེད་བཞིན་མཆིས།
     ཤེས་རབ་ཀྱིས་རྟེན་གཞི་འདི་ཚུགས་པ་ན། སྲོལ་རྒྱུན་གྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐུབ་པར་མ་ཟད། དབུལ་ཁྱིམ་ལ་ལས་ཞུགས་ཀྱི་གོ་སྐབས་ཀྱང་མང་དུ་སྤྲད་ཐུབ་ཅེས་བཤད། དེང་སང་། བོད་སྤོས་རྟེན་གཞི་དེར་སྡེ་མི་42ལས་ཞུགས་བྱས་ཡོད་ལ། ཟླ་རེའི་ཡོང་འབབ་སྒོར་2000རེ་ཡོད། དེའི་ཁྲོད་དབུལ་བོ་28དང་དབང་བོ་སྐྱོན་ཅན་3ཡོད།
     ཉེ་བའི་ལོ་ཤས་རིང་། འབར་ཁམས་གྲོང་ཁྱེར་གྱིས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་བེད་སྤྱད་དེ། རྒྱལ་རོང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་པར་མ་ཟད། དམངས་ཁྲོད་ཀྱི་སྒྱུ་རྩལ་བ་དང་ཁེ་ལས་ལ་རྒྱལ་རོང་གི་རིག་གནས་ཁྱད་ཆོས་ལྡན་ལ་ཚོང་ལམ་བཟང་བའི་རིག་གནས་ཐོན་རྫས་གསར་གཏོད་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ། ཐོན་ལས་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བཞིན་འདུག




ས་ཁམས་རིག་གནས་ཀྱི་ལྗོངས་སྐོར་མཚན་སྙན་ཇེ་རྒྱས་སུ་སོང་།
     ཁོ་འཕན་སྲང་ལམ་ནི་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་གྱི་མཚོ་ངོས་ལས་མཐོ་ཚད་སྨི་2600ལྷག་གི་རི་སྒང་དུ་ཆགས་ཡོད། དེ་ནི་རྫོང་འགག་རྒྱལ་པོའི་རྒྱལ་ཁང་གི་རྗེས་ཤུལ་ཡིན་ལ། རྒྱལ་རོང་གི་མི་སེར་རྣམས་ཀྱི་སྡོད་ཁང་གི་ཁྱད་ཆོས་ཀྱང་འབུར་དུ་ཐོན་ཡོད། 2019ལོར་ཁོ་འཕན་སྲང་ལམ་རིག་གནས་ལྗོངས་སྐོར་ཁུལ་ནི་རྒྱལ་ཁབ་ཀྱི་A4རིམ་པའི་ལྗོངས་སྐོར་ཁུལ་དུ་བདམས། དེ་ལས་འབར་ཁམས་ཀྱི་སྐྱེ་ཁམས་རིག་གནས་ལྗོངས་སྐོར་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པ་མཚོན།
     རྒྱུས་ལོན་པ་ལྟར་ན། ཁོ་འཕན་སྲང་ལམ་སྒོ་ཕྱེས་པ་ནས་བཟུང་། སྡེ་མི་30ལྷག་ལས་ཞུགས་བྱས་ཡོད་ལ། ཟླ་རེའི་གླ་ཕོགས་སྒོར་2700རེ་ཡོད་པར་མ་ཟད། ད་དུང་སྡེ་མི་ཀུན་གྱིས་ཁོ་འཕན་སྲང་ལམ་གྱི་ཉེ་འགྲམ་ཀུན་ནས་ཞིང་ཞོར་ཐོན་རྫས་འཚོང་ཆོག
     ཉེ་བའི་ལོ་ཤས་རིང་། འབར་ཁམས་གྲོང་ཁྱེར་གྱིས་ཁོངས་ཡོངས་ལྗོངས་སྐོར་ལྟེ་བར་བཟུང་ནས་རྒྱལ་རོང་གི་ཞིང་ཁམས་དང་སྐོར་བྲོ་ཡི་ཕ་ས། རྒྱང་སྐྱོད་ཀྱི་ས་ཚིགས། ཚ་གཡོལ་གྱི་བསིལ་ཚལ་སོགས་ཀྱི་རིག་གནས་ལྗོངས་སྐོར་གྱི་མཚན་སྙན་ལ་བརྟེན་ནས། རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་གཉིས་གསར་དུ་བཏོད་ཡོད། མོ་མཚོ་དང་སའི་སོ། རྫོང་འགག ཆུ་འཕོ་སོགས་ཁྱད་ཆོས་ཐུན་མིན་ལྡན་པའི་དམངས་སྲོལ་ལྗོངས་སྐོར་ལ་བརྟེན་ནས་ལྗོངས་སྐོར་བ་མང་བོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཡོད། 2019ལོར། འབར་ཁམས་གྲོང་ཁྱེར་ལ་ཞིང་ཆེན་རིམ་པའི་དམངས་ཁྱིམ་སྡོད་ཁང་གི་ཚད་ལྡན་སྣེ་ལེན་ཁང་28དང་ལྗོངས་སྐོར་དབུལ་སྐྱོར་དཔེ་སྟོན་ཁང་2ཡོད། ལོ་ཧྲིལ་བོར་ལྗོངས་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་9.403ཡོད་པས་དུས་མཉམ་དང་བསྡུར་ན་བརྒྱ་ཆ་13.4འཕར་ཡོད། ལྗིད་ཏིག་ཏིག་གི་གྲུབ་འབྲས་དེ་ནི་འབར་ཁམས་གྲོང་ཁྱེར་གྱི་རིག་གནས་ལྗོངས་སྐོར་གོང་དུ་སྤེལ་བའི་སྟོབས་ཤུགས་དང་ཡིད་ཆེས་ལས་བྱུང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1