ཟུང་ཆུའི་གླང་རྔ་ཐོན་ལེགས་བྱུང་།། མང་ཚོགས་གདོང་ལ་འཛུམ་མདངས་རྒྱས།།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 10-14



     གསར་འགོད་པས་ཟུང་ཆུ་རྫོང་ཏ་ཞེན་ཡུལ་ཚོ་མཁར་ཆུང་སྨད་པ་གྲོང་སྡེ་ནས་བཅར་འདྲི་བྱེད་སྐབས། མཁར་ཆུང་སྨད་པ་གྲོང་སྡེའི་གླང་རྔ་མུའུ་200ཡི་སྐྱེ་ཚུལ་ལེགས་པས་ཐོན་ལེགས་བྱུང་ཡོད་པ་དང་། སྡེ་མི་ཚོ་གླང་རྔ་བསྡུ་བ་དང་སྐྱེལ་བའི་ལས་ལ་བྲེལ་བཞིན་ཡོད། གླང་རྔ་འདེབས་པ་ནི་མཁར་ཆུང་སྨད་པ་གྲོང་སྡེས་དབུལ་སྐྱོར་གནད་འཁེལ་སྔར་ལས་ཞིབ་ཕྲ་ངང་དོན་འཁྱོལ་བྱེད་པའི་ཐབས་ལམ་ཞིག་ཡིན།

     ཏ་ཞེན་ཡུལ་ཚོ་མཁར་ཆུང་སྨད་པ་གྲོང་སྡེ་ནི་དཔེ་མཚོན་ཅན་གྱི་ཞིང་ལས་གྲོང་སྡེ་ཞིག་ཡིན་ལ། སྔོན་ཆད་སྡེ་མི་ཚོས་སྲན་དམར་དང་གྲོ་སོགས་སྲོལ་རྒྱུན་གྱི་ལོ་ཏོག་བཏབ། ཉེ་བའི་ལོ་ཤས་རིང་གྲོང་སྡེར་སྡོད་པའི་ལས་དོན་ཚན་ཆུང་གིས་ཐོག་མཐའ་བར་གསུམ་དུ་ཞིང་ལས་ཀྱི་ཕན་འབྲས་ཇེ་ཆེར་བཏང་བ་དང་ཞིང་བའི་ཡོང་འབབ་འཕར་བ་ཨང་དང་བོར་བཞག་ཅིང་། གྲོང་སྡེ་རིམ་པའི་ཏང་རྩ་འཛུགས་ཀྱི་ནུས་པ་དང་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བྱས་ནས། ཐབས་ཤེས་གང་ཡོད་སྒོས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་།
     ད་ལོའི་ལོ་མགོར།ཏོག་གསར་རིམས་འགོག་དང་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་མཇུག་སྡུད་པའི་ལོ་འདིར། མཁར་ཆུང་སྨད་པ་གྲོང་སྡེའི་གླང་རྔ་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་རོགས་རམ་བྱ་ཆེད། མཁར་ཆུང་སྨད་པ་གྲོང་སྡེར་སྡོད་པའི་ལས་བྱེད་པས་གྲོང་སྡེའི་ཨུ་ལྷན་དང་མཉམ་དུ་ཐོན་ལས་འཕེལ་རྒྱས་ལ་ངོས་འཛིན་དང་བརྟག་ཞིབ་གཏིང་ཟབ་བྱས་ཤིང་། གླང་རྔ་མུའུ་2ལ་འགྱིག་ཤོག་བམ་པོ་1དང་། འདྲེས་སྦྱོར་ལུད་སྦྱོར་ཁུག་མ་1གི་ཚད་གཞི་ལྟར་ཞིང་བ་ཚོར་འགྱིག་ཤོག་བམ་པོ་132དང་འདྲེས་སྦྱོར་ལུད་སྦྱོར་ཁུག་མ་132སྟེར།

     སྡེ་མི་བློ་བཟང་བཀྲ་ཤིས་ཀྱིས། འགྱིག་ཤོག་གིས་དྲོད་བཟུང་ཐུབ་པ་དང་། ཆུ་འཛིན་ཐུབ་པ། ལུད་སྲུང་ཐུབ་པར་མ་ཟད། ད་དུང་རྩྭ་ལྡུམ་སྐྱེ་ཚད་ཚོད་འཛིན་ཐུབ། ད་ལོར་ང་ཚོར་འགྱིག་ཤོག་སྤྲད་པས་གླང་རྔའི་ཐོན་ཚད་དང་སྤུས་ཚད་ཇེ་ལེགས་སུ་སོང་ཡོད་ཅེས་བཤད།
     ད་སྐབས་མཁར་ཆུང་སྨད་པ་གྲོང་སྡེའི་གླང་རྔ་བསྡུ་བའི་དུས་སུ་བསླེབས་ཤིང་། གླང་རྔ་རྒྱ་མ་གང་ལ་སྒོར་2.4ཡིན་པ་ལྟར་ན། མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་200ལྷག་འཕར་ཐུབ། མཁར་ཆུང་སྨད་པ་གྲོང་སྡེའི་སྡེ་མི་མཁན་པོ་ཐར་གྱིས། ངེད་ཚང་གིས་གླང་རྔ་མུའུ་6བཏབ་པ་དང་། ཉིན་འདི་དག་གི་རིང་ལ་ཚོང་བ་ཚོ་ངེད་ཚང་ལ་ཐོན་ནས་གླང་རྔ་ཉོས་ཏེ། ཡོང་འབབ་སྒོར་ཁྲི་3ལྷག་ཡོད་ཅེས་བཤད།

     ཤེས་རྟོགས་བྱུང་བ་ལྟར་ན། རྗེས་ནས་ཏ་ཞེན་ཡུལ་ཚོ་མཁར་ཆུང་སྨད་པ་གྲོང་སྡེས་ཆ་རྐྱེན་ལྡན་པ་དང་འདོད་མོས་ཡོད་པའི་མང་ཚོགས་ལ་སྔོ་ཚལ་འདེབས་པར་སྔར་ལས་སྐུལ་ལྕག་གཏོང་ཆེད། འདེབས་འཛུགས་མཉམ་ལས་ཁང་འཛུགས་རྒྱུ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱིས་ཡོང་འབབ་འཕར་བར་སྐུལ་སྤེལ་གཏོང་བའི་ཐབས་ལམ་གསར་བ་ཞིག་གཏོད་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1