གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༢༠ཉིན།

༄༅།།ནར་མ་སོན་པའི་བུ་ཕྲུག་སྲུང་སྐྱོང་བཅའ་ཁྲིམས་ལ་བཟོ་བཅོས་བྱས་པ།


          ནར་མ་སོན་པའི་བུ་ཕྲུག་སྲུང་སྐྱོང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་ཏུ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཡོད་པ་དང་། བཅའ་ཁྲིམས་དེ་སྤྱི་ལོ་2021ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། ནར་མ་སོན་པའི་བུ་ཕྲུག་སྲུང་སྐྱོང་གི་བཅའ་ཁྲིམས་ནི་ནར་མ་སོན་པའི་བུ་ཕྲུག་གི་ཁེ་དབང་སྣ་ཚོགས་སྲུང་སྐྱོང་གི་ཕྱོགས་བསྡུས་རང་བཞིན་ཅན་གྱི་བཅའ་ཁྲིམས་ཤིག་ཡིན་ཞིང་། ད་ལྟ་བཟོ་བཅོས་བྱས་ཡོད་པའི་བཅའ་ཁྲིམས་དེའི་ནང་དུ་གཏན་འབེབས་ཁ་ཤས་གསར་དུ་ཁ་སྣོན་བྱས་ཡོད་ཅིང་། དེས་ནར་མ་སོན་པའི་བུ་ཕྲུག་ལ་གནོད་འཚེ་གཏོང་བ་དང་འབྲེལ་ཡོད་ཀྱི་གནད་དོན་ཁག་ཐག་གཅོད་བྱེད་གང་ཐུབ་བྱས་ཡོད་དེ། དེའི་ཁོངས་སུ་ལྟ་སྐྱོང་པས་ལྟ་སྐྱོང་གི་འགན་ཡག་པོ་མ་ཁུར་བ་དང་། སློབ་མར་བརྙས་བཅོས་ཕོག་པ། ནར་མ་སོན་པའི་བུ་ཕྲུག་ལ་ཆགས་སྤྱོད་ཀྱིས་གནོད་འཚེ་གཏོང་བ། ནར་མ་སོན་པའི་བུ་ཕྲུག་དྲ་རྒྱར་ངན་ལོབ་ཏུ་ཤོར་བ་སོགས་ཀྱི་གནད་དོན་སོགས་ཚུད་ཡོད།
          གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་བུ་ཕྲུག་སྲུང་སྐྱོང་བཅའ་ཁྲིམས་ནང་།
          ནར་མ་སོན་པའི་བུ་ཕྲུག་གི་ཁེ་དབང་ལ་གནོད་འཚེ་ཕོག་ཡོད་པ་ཤེས་སྐབས་བཙན་ཤེད་ཀྱིས་སྙན་སེང་ཞུ་བའི་ལམ་ལུགས་དང་། དེ་བཞིན་ནར་མ་སོན་པའི་བུ་ཕྲུག་དང་འབྲེལ་བ་ཆེན་པོ་ཡོད་པའི་ལས་རིགས་ཀྱི་ལས་སྒྲུབ་མི་སྣའི་ཞུགས་འཐུས་ཐོབ་ཐང་ལམ་ལུགས་བསྣན་ཡོད་པ་རེད།
          སློབ་མར་བརྙས་བཅོས་ཕོག་པ་ཞེས་པར་ཐོག་མར་མཚན་ཉིད་བཞག་ཡོད་དེ། སློབ་མའི་བརྙས་བཅོས་ནི་སློབ་མའི་དབར་དུ་བྱུང་ཞིང་། ཕྱོགས་གཅིག་གིས་རྐང་བཙུགས་ནས་རྐང་ལག་དང་། སྐད་ཆ། དྲ་རྒྱ་སོགས་ཀྱིས་ལམ་ནས་ཅིག་ཤོས་ལ་གཉའ་གནོན་དང་བརྙས་བཅོས་བྱས་པ་སྟེ། ཅིག་ཤོས་ཀྱི་མི་ལུས་ལ་གནོད་འཚེ་བཏང་བའམ། རྒྱུ་ནོར་ལ་གྱོང་གུན་བཟོས་པ། ཡང་ན་སེམས་ཁམས་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ལ་ཟེར་ཞིང་། སློབ་མར་བརྙས་བཅོས་ཕོག་པ་དང་སློབ་གྲྭའི་ནང་དུ་ཆགས་སྤྱོད་ཀྱི་གནོད་འཚེ་སོགས་ཀྱི་དོན་རྐྱེན་ཐོན་སྐབས་སློབ་གྲྭས་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱེད་པའི་སྒྲིག་ལམ་གཏན་འབེབས་ཁ་གསལ་བྱས་ཡོད།
          གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་སོགས་ཚོགས་པར་ལྟ་སྐྱོང་མི་འདང་བའི་གནད་དོན་ལ་དམིགས་ནས། མངགས་བཅོལ་ལྟ་སྐྱོང་གི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད།
          བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་ནང་དོན་ཁག་མང་པོ་ཁ་སྣོན་བྱས་པ་ཞིག་ཡིན་ཞིང་། དེ་སྔའི་དོན་ཚན་ཁག་72ནས་ད་ལྟའི་དོན་ཚན་ཁག་132བར་ཇེ་མང་དུ་བཏང་ཡོད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1