ཟི་ལིང་གིས“འབྲི་ཆུའི་ནང་གི་ཉ་འཛིན་པ་འགོག་པ་དང་ཁྲིམས་འགལ་ལ་རྡུང་རྡེག ཚོང་འབྲེལ་གཅོད་པའི”ཆེད་དོན་བྱ་སྤྱོད་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 10-26


        ཟླ10པའི་ཚེས20ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁྲོམ་རའི་ཐོག་འབྲི་ཆུའི་འབབ་རྒྱུད་དུ་ཁྲིམས་འགལ་ངང་ཉ་རིགས་འཛིན་རྙབ་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཁྲོམ་རའི་བྲིན་ཚོང་གི་ཐོན་ལས་འབྲེལ་ཐག་བཅད་དེ་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། མིག་སྔར་ཟི་ལིང་གྲོང་ཁྱེར་གྱིས“འབྲི་ཆུའི་ནང་གི་ཉ་འཛིན་པ་འགོག་པ་དང་ཁྲིམས་འགལ་ལ་རྡུང་རྡེག ཚོང་འབྲེལ་གཅོད་པའི”ཆེད་དོན་བྱ་སྤྱོད་སྤེལ་བཞིན་ཡོད།
        ཤེས་རྟོགས་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས་འཛིན་རྙབ་གཏན་འགོག་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་ཆུའི་ཐོན་རྫས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཁུལ332ནས་ཁྲིམས་འགལ་ངང་འཛིན་རྙབ་བྱས་པའི་ཉ་རིགས་ཉོ་ཚོང་བྱ་རྒྱུ་གཏན་འགོག་བྱས་པ་རེད། འཛིན་རྙབ་གཏན་འགོག་བྱས་པའི་ཆུ་ཁོངས་ནས་ཁྲིམས་འགལ་ངང་འཛིན་རྙབ་བྱས་པའི་ཉ་རིགས་ཉོ་སྒྲུབ་དང་། བྲིན་ཚོང་། ལས་སྣོན་བཅས་བྱེད་མི་ཆོག ཁྲིམས་མཐུན་གྱི་ཡོང་ཁུངས་དཔང་རྟགས་མཁོ་འདོན་བྱེད་ཐབས་བྲལ་བའི་ཆུ་ཐོན་ཐོན་རྫས་ཉོ་སྒྲུབ་དང་། བྲིན་ཚོང་། ལས་སྣོན་བཅས་བྱེད་མི་ཆོག ཆུའི་ཐོན་རྫས་ལ“འབྲི་ཆུའི་ཆུ་ཁོངས་ཀྱི་གསོ་ཚགས་མིན་པའི་ཉ”དང“འབྲི་ཆུའི་ཆུ་ཁོངས་ཀྱི་གསོ་ཚགས་མིན་པའི་གཙང་པོའི་ཟས་རིགས”སོགས་ཀྱི་ཚོང་རྟགས་རྒྱག་མི་ཆོག  བཟའ་བཏུང་སྡེ་ཁག་གིས“འབྲི་ཆུའི་ཆུ་ཁོངས་ཀྱི་གསོ་ཚགས་མིན་པའི་ཉ”དང“འབྲི་ཆུའི་ཆུ་ཁོངས་ཀྱི་གསོ་ཚགས་མིན་པའི་གཙང་པོའི་ཟས”སོགས་འབྲེལ་ཡོད་ཟས་རིགས་ཚོང་གཉེར་བྱེད་མི་ཆོག འབྲི་ཆུའི་འབབ་རྒྱུད་ཀྱི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་ཆུ་གནས་སྲོག་ཆགས་དང་དེའི་ཐོན་རྫས་ཕྱིར་འཚོང་དང་། ཉོ་སྒྲུབ། བཟའ་སྤྱོད་བཅས་བྱེད་མི་ཆོག  
        ཆེད་དོན་བྱ་སྤྱོད་སྤེལ་རིང་། ཟི་ལིང་གྲོང་ཁྱེར་གྱི་ས་གནས་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་གཏན་འབེབས་ལ་འགལ་ཡོད་པ་ཤེས་ཚེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུ་དང་། བྱས་ཉེས་བསགས་པའི་དོགས་པ་ཡོད་ན་སྤྱི་བདེ་ལས་ཁུངས་ལ་སྐྱེལ་སྤྲོད་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཟི་ལིང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྒྱ་ཆེའི་འཛད་སྤྱོད་པར་འབྲི་ཆུ་སྟེ“མ་ཡུམ་གཙང་པོར”གཅེས་སྤྲས་བྱས་ནས་རང་འགུལ་ངང་འབྲི་ཆུའི“རྔོན་ཤ”བཀག་འགོག་བྱས་ཏེ་ཚུལ་ལྡན་ངང་འཛད་སྤྱོད་བྱ་རྒྱུའི་རེ་འབོད་བྱས་པ་རེད། གལ་ཏེ་གོང་གསལ་གྱི་གཏན་འགོག་བྱ་སྤྱོད་ལས་འགལ་བ་ཤེས་རྟོགས་བྱུང་ཚེ12315ཡི་ཐད་སྦྲེལ་ཁ་པར་རམ་ཡང་ན1215ཡི་ལས་སྟེགས་བརྒྱུད་ཐེར་འདོན་བྱེད་ཆོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1