གཙོ་ངོས།>> རྩོམ་རིག>>བསྒྱུར་རྩོམ།

ཚེ་བརྟན་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༡ཉིན།

༄༅།།ཁྱོད་ཀྱི་ལང་ཚོ་རྟག་བརྟན་ཡོང་བར་སྨོན།


——ཨ་རིའི་དབུ་བཞུགས་ཁྲིམས་དཔོན་ཇོན•རོ་པུ་ཙི་ཡིས་ཀཱར་ཌི་གྷན་སློབ་འབྲིང་གི་མཐར་ཕྱིན་མཛད་སྒོའི་སྟེང་གནང་བའི་གཏམ་བཤད།

ཟི་ལིང་། ཚེ་བརྟན་ལྷ་མོས་བསྒྱུར།

        བཤད་རྒྱུན་ལ་ཆར་བ་ནི་ལྷ་ཡུལ་ནས་བབས་པའི་བཀྲ་ཤིས་པའི་མེ་ཏོག་ཡིན་ཟེར། དེ་བས་དེ་རིང་སྔ་དྲོར་གནམ་རྒན་མས་ཀྱང་ང་ཚོའི་ཡིད་དུ་འོང་བའི་མཐར་ཕྱིན་མཛད་སྒོ་འདི་ལ་རྟེན་འབྲེལ་ཞུས་སོང་།
        ཐོག་མར་གཏམ་བཤད་ཀྱི་གཞུང་དུ་མ་ཞུགས་སྔོན་ལ་སློབ་གྲོགས་ཚོས་ངེས་པར་དུ་བསྒྲུབ་དགོས་པ་ཞིག་ཡོད་དེ། ད་ལྟ་ཁྱོད་ཚོའི་རྒྱབ་ཕྱོགས་སུ་ཡོད་པ་ནི་ཁྱོད་ཀྱི་ཕ་མ་དང་ལྟ་སྐྱོང་མཁན་རྣམས་རེད། ལོ་ངོ་བཞིའི་ཡར་སྔོན་དུ་ཕ་མས་ཁྱོད་རང་གནས་འདིར་བསྐྱལ་བ་དང་ཁྱོད་ཀྱི་འཚོ་བར་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་རྗེས་ཁ་རོག་གེར་མིག་ཆུ་གཏོང་ཞོར་ཕྱིར་སྟོང་ལྷང་ལྷང་གིས་ཁྱིམ་དུ་ལོག་ཡོད། ཕ་མ་ཚོ་ལ་མཚོན་ན་དེ་ནི་ཁོང་ཚོའི་མི་ཚེའི་ཁྲོད་དུ་ཆེས་ཕངས་སེམས་མེད་པའི་བློས་གཏོང་ཐེངས་ཤིག་ལོས་ཡིན། དེ་ལྟར་བགྱིས་པ་ནི་ཁྱོད་ཀྱི་སློབ་གསོ་ཡག་པོ་ཞིག་མྱོང་ཐུབ་པའི་ཆེད་དུ་ཡིན་པ་ལས་ཁོང་ཚོ་རང་ཉིད་ཀྱི་ཆེད་དུ་གཏན་ནས་མིན། དེ་བས་དེ་རིང་གི་མཛད་སྒོ་འདི་ནི་མཐར་ཕྱིན་མཛད་སྒོ་ཁོ་ན་ཙམ་ཞིག་མ་ཡིན་པར་ཁྱེད་ཅག་གི་ཕ་མ་རྣམས་ཀྱི་མཛད་སྒོའང་ཡིན་པས། ངའི་རེ་བ་ལ་སློབ་གྲོགས་ཚོ་ཡར་ལངས་ཏེ་རླབས་ཆེ་བའི་ཕ་མ་རྣམས་ལ་ཐལ་མོ་རྡེབ་རོགས་གནོངས།
        སློབ་གྲོགས་ཚོ་ལ་རྟེན་འབྲེལ་ཞུ། ད་ལྟ་ཁྱོད་ཀྱིས་མི་ཚེའི་ཁྲོད་ཀྱི་ཆེས་གནད་འགག་གི་དུས་རིམ་ཞིག་གཞི་ནས་བརྒལ་ཚར་བ་རེད། ཡང་གཅིག་བཤད་ན་འདི་ནི་མི་ཚེའི་ཁྲོད་ཆེས་བརྒལ་སླ་བའི་དུས་རིམ་ཞིག་ཀྱང་ཡིན། དེང་སྐབས་སློབ་གྲྭ་སོ་སོའི་མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད་མཁན་མང་པོ་ཞིག་གིས་ད་ཡང་མི་ཚེའི་དུས་རིམ་གསར་པ་ཞིག་གི་མགོ་བརྩམས་པ་ཡིན་པས་ཕྱིར་མིག་མི་བལྟ་བར་ཅིས་ཀྱང་མདུན་དུ་བསྐྱོད་ཟེར། ཁོང་ཚོས་བཤད་པ་དེའང་བདེན་པ་རེད། འོན་ཀྱང་ངས་བསམ་པར་རང་ཉིད་ཀྱི་བརྒྱུད་ཟིན་པའི་དུས་ཚོད་ལ་ཕྱིར་ལྟ་རེ་བྱས་ཚེ། ད་གཟོད་ཁྱོད་ཀྱིས་ལམ་ཁ་གང་ཞིག་གདམ་དགོས་པ་དང་ཕྱོགས་གང་དུ་ཆས་དགོས་པའི་ངེས་ཤེས་རྙེད་ཐུབ། དཔེ་ཞིག་བཞག་ན། ཁྱོད་རང་སློབ་འབྲིང་འདིའི་སྒོ་ཐེམ་ལ་གོམ་པ་དང་པོ་སྤོ་སྐབས། ཁྱོད་ཀྱི་སེམས་པ་ཅུང་ཟད་འཛེམ་དོགས་དང་ཁེར་རྐྱང་། འཚེར་སྣང་བཅས་ཀྱིས་ཁེངས་ཡོད་སྲིད། ཡིན་ནའང་ལོ་ངོ་གསུམ་འགོར་རྗེས་ཀྱི་དེ་རིང་སྐབས་དེའི་ཁོར་ཡུག་གསར་པ་དང་སློབ་གྲོགས་རྒྱུས་མེད་དེ་དག་ཁྱོད་ཀྱི་ཁྱིམ་མི་དང་སྤུན་གྲོགས་ལྟ་བུར་གྱུར་འདུག་པས། མ་འོངས་པའི་སློབ་གསོའི་ལམ་ཁ་དེ་རུ་ཡང་ཁྱོད་ལ་སེམས་ཤུགས་དང་ཡིད་ཆེས་ཀྱི་སྤོབས་པ་སྩོལ་ངེས་ཡིན།དེ་ནི་སློབ་གྲོགས་ཚོའི་རོགས་རམ་འོག་ཁྱོད་ཀྱི་བྱ་གཞག་ཐམས་ཐད་ལ་ལེགས་འགྲུབ་འབྱུང་བས་མ་ཡིན་པར། ཁོ་ཚོའི་རྒྱབ་སྐྱོར་ཡོད་པས་ཁྱོད་རང་ཡང་བསྐྱར་ཕམ་པར་མི་སྐྲག་པས་ཡིན།
        སྤྱིར་བཏང་དུ། མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད་པ་ཚང་མས་ཁྱོད་ཚོ་ལ་བྱ་བ་ལམ་འགྲོ་དང་བཀྲ་ཤིས་བདེ་ལེགས་སོགས་ཀྱི་ཁ་གཡང་སྒྲོག་ངེས་ཡིན། ཡིན་ནའང་དེ་རིང་དེ་ལྟ་བུའི་ཁ་གཡང་བསྒྲག་རྒྱུ་མེད། རྒྱུ་མཚན་ཅི་ཡིན་ཟེར་ན། ངས་ཁྱོད་ཚོ་མ་འོངས་པའི་ལོ་ཟླའི་ནང་དུ་དྲང་གཞག་མིན་པའི་གནས་ཚུལ་དང་ཡང་ཡང་འཕྲད་པར་རེ་བ་བྱེད། དེ་ལྟར་བྱས་ན་ད་གཟོད་ཁྱོད་ཚོས་འདྲ་མཉམ་དྲང་གཞག་གི་རིན་ཐང་ཅི་འདྲ་ཞིག་ཡིན་པ་གཞི་ནས་ཧ་གོ་ངེས་ཡིན། ཡང་ངའི་རེ་བར་ཁྱོད་ཚོ་ལ་མི་གཞན་གྱིས་རྒྱབ་འགལ་དང་བློ་ལོག་བྱེད་པར་སྨོན། དེ་ལྟར་བྱས་ན་ད་བཟོད་ཁྱོད་ཚོས་ལྷག་བསམ་ཟོལ་མེད་ཅེས་པ་ནི་ཅི་འདྲའི་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ། དགོངས་པ་ཁྱོན་ནས་མ་ཚོམས། ངས་ད་དུང་ཁྱོད་ཚོ་ཁེར་རྐྱང་གི་གདུང་བས་མནར་བར་སྨོན་ལམ་འདེབས། དེ་ལྟར་བྱས་ན་ད་གཟོད་ཁྱོད་ཚོས་བློས་ཐུབ་ཀྱི་གྲོགས་པོ་ནི་མི་ཚེའི་ཁྲོད་གླེང་རིན་མེད་པ་ཞིག་ཡེ་ནས་མིན་པའང་གཞི་ནས་ཤེས་རྟོགས་བྱེད་ཐུབ། ངས་ཁྱོད་ཚོའི་མི་ཚེའི་ཁྲོད་དུ་ཡང་ནས་ཡང་དུ་རླུང་རྟ་མི་དར་བ་དང་ཕམ་ཁ་མྱོང་བར་རེ་བ་བྱེད། དེ་ལྟར་བྱས་ན་ད་གཟོད་ཁྱོད་ཚོས་མི་ཚེའི་ཁྲོད་ཀྱི་གོ་སྐབས་ཞེས་པའི་རིན་ཐང་ཧ་གོ་ཞིང་། དེར་མ་ཟད་རང་ཉིད་ཀྱི་རྒྱལ་ཁ་ནི་ཚེ་སྔོན་མའི་ལས་འཕྲོ་དང་མི་གཞན་གྱི་ཕམ་ཁ་ནི་ལུགས་མཐུན་སྨྲོས་མེད་དུ་འཛིན་པའི་ལྟ་བ་ལ་གཡོ་འགུལ་ཐེབས་སྲིད། ཁྱོད་ཀྱིས་ཕམ་ཁ་མྱོང་དུས། ངས་ཁྱོད་ཀྱི་འགྲན་ཡས་ཁྱོད་ལ་དམའ་འབེབས་དང་འཕྱ་སྨོད། ཟུར་ཟ་བྱེད་པར་སྨོན་འདུན་ཞུ། དེ་ལྟར་བྱས་ན་ཁྱོད་ཀྱིས་འགྲན་རྩོད་ཀྱི་སྙིང་སྟོབས་ཞེས་པ་ནི་ཅི་འདྲའི་གལ་ཆེན་ཞིག་ཡིན་པའང་ཧ་གོ་ངེས་ཡིན། ངའི་རེ་བ་ལ་རྒྱུས་མེད་ཀྱི་འཚོ་བའི་ནང་དུ་མི་གཞན་གྱིས་ཁྱོད་ལ་སྣང་ཆུང་དང་དོ་སྣང་མི་བྱེད་པར་ཤོགདེ་ལྟར་བྱས་ན་ད་གཟོད་ཁྱོད་ཀྱིས་མི་གཞན་གྱི་སྐད་ཆ་ལ་དོ་སྣང་དང་གཟབ་ཉན་བྱེད་པའི་གལ་ཆེན་རང་བཞིན་དེ་རྟོགས་ཐུབ། ད་དུང་ཡང་ངས་ཁྱོད་ཚོའི་ནང་སེམས་ལ་བཟོད་གླགས་མེད་པའི་སྡུག་བསྔལ་སྐྱེ་བར་རེ་བ་བྱེད། དེ་ལྟར་བྱས་ན་ད་གཟོད་ཁྱོད་ཚོའི་སེམས་ལ་བདག་གཞན་མཉམ་བརྗེ་དང་གདུང་སེམས་མཉམ་སྐྱེད་བྱེད་པའི་ལྷག་བསམ་སྐྱེ་ངེས་ཡིན། ང་རང་གིས་ཁྱོད་ཚོའི་ཆེད་དུ་འདི་ལྟར་སྨོན་ལམ་བཏབ་དང་མ་བཏབ་གང་ཡིན་རུང་། གནས་ཚུལ་དེ་དག་མི་སོ་སོའི་མི་ཚེའི་ལམ་བུའི་ཁྲོད་ངེས་པར་དུ་འཕྲད་ངེས་ཡིན་པས། དེ་ལས་ཁྱོད་ལ་བློ་བསྐྱེད་ཐོབ་མིན་དང་རྐྱེན་ངན་གྲོགས་སུ་བསྒྱུར་བའི་སྤོབས་པ་ཡོད་མེད་ནི་ཁྱོད་ཀྱིས་དོན་དག་དེ་ལ་ཇི་ལྟར་ངོས་འཛིན་བྱེད་པར་རག་ལས།
        ཡང་གཏམ་བཤད་མཁན་དག་གིས་ཁྱོད་ཚོ་ལ་ངེས་པར་དུ་རང་ཚུགས་ཐུབ་པའི་མི་ཞིག་བྱེད་དགོས་ཟེར། ཐོག་མར་སྐད་ཆ་དེའི་དོན་གྱི་སྙིང་པོ་ནི་ག་རེ་ཡིན་པ་ངེས་པར་དུ་ཧ་གོ་དགོས་ཏེ། རང་ཚུགས་ཐུབ་དགོས་ཟེར་བ་ནི་ཁྱོད་རང་ལེགས་པོ་ཀུན་འཛོམས་ཀྱི་མི་ཞིག་ཡིན་ན་མ་གཏོགས་རང་ཉིད་ལ་འགྱུར་བ་གཏོང་མི་ཆོག་ཅེས་པ་མ་ཡིན་ཏེ། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་ངེས་པར་དུ་རང་ཉིད་ལ་འགྱུར་བ་བཏང་སྟེ་ཡར་སྐྱེད་ཡོད་པ་ཞིག་དང་རང་ངོ་རང་གིས་ཟིན་མཁན་ཞིག་བྱེད་དགོས། དེ་བས་ཁོང་ཚོས་རང་ཚུགས་ཐུབ་དགོས་ཟེར་བ་ནི་བྱ་བ་གང་ཞིག་བསྒྲུབས་ཀྱང་ཆུ་སྣ་གར་ཁྲིད་བྱེད་མི་རུང་བར་སྐུལ་མ་བཏང་བ་ཡིན། གནའ་བོའི་ཀེ་རུ་སིའི་མཚན་ཉིད་རིག་པ་བ་སཱོ་ཀྀ་རཱ་ཏེ་ཡིས་ཀྱང་སྙིང་པོ་མ་ལོན་པའི་མི་ཚེ་སྐྱེལ་རིན་མེད་ཅེས་གསུངས་མྱོང་བ་ལྟར། རང་ངོ་ཟིན་པ་དང་རང་ཉིད་ཀྱི་འདོད་འདུན་ལྟར་འཚོ་རྒྱུ་ནི་གལ་ཆེན་པོ་རེད་སྙམ་མོ། །
        རེ་བ་དང་བསླབ་བྱ་དེ་ཙམ་ཀྱིས་ཆོག་པར་བྱེད། ད་ནི་ངས་ཨ་རིའི་གླུ་པ་གྲགས་ཅན་བྷོབ་ཌི་ལཱན་གྱི“ཁྱོད་ཀྱི་ལང་ཚོ་རྟག་བརྟན་ཡོང་བར་སྨོན”ཞེས་པའི་གཞས་ཚིག་འདིས་གཏམ་བཤད་ཀྱི་མཇུག་བསྡུ་རྒྱུ་ཡིན། གཞས་ཚིག་འདི་ནི་ཁོང་གིས་དགུང་ལོ་ལྔ་བཅུ་ཡས་མས་སུ་འགྲུལ་བཞུད་ཀྱི་ལམ་ཁར་བུ་རྗེ་སེ་དྲན་ནས་བྲིས་པ་ཞིག་རེད། གཞས་ཚིག་འདིའི་ནང་དུ་ཕ་མས་སོ་སོའི་བུ་ཕྲུག་ལ་བཅངས་པའི་བརྩེ་འདང་དང་རེ་བ་མངོན་ཡོད་པར་མ་ཟད། བུ་ཕྲུག་གིས་ཇི་ལྟར་རང་ཉིད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཁ་ཏ་བསླབ་བྱའང་གནང་ཡོད། འདིའི་ཁྲོད་ཀྱི་སྨོན་འདུན་ཡོད་ཚད་ནི་ཡིད་དུ་འོང་ཞིང་དོན་དང་ལྡན་པ་ཞིག་རེད།……
དཀོན་མཆོག་གིས་ཁྱོད་ཀྱི་ཚེ་ཐག་རིང་ཞིང་འདོད་དོན་ཐམས་ཅད་འགྲུབ་པར་མགོན་སྐྱབས་གནང་བར་སྨོན།
ཁྱོད་ཀྱིས་གཞན་ལ་རོགས་རམ་དང་གཞན་གྱིས་ཁྱོད་རང་བརྩེ་བས་སྐྱོང་བར་སྨོན།
ཁྱོད་རང་སྤྲིན་གྱི་སྐས་རིམ་ལ་འཛེགས་ནས།
གནམ་གྱི་སྐར་ཚོགས་བཏོགས་ཐུབ་པར་སྨོན།
ཁྱོད་ཀྱི་ལང་ཚོ་རྟག་བརྟན་ཡོང་བར་སྨོན།
ཁྱོད་རང་གཞུང་རྒྱུད་དྲང་ཞིང་ལྷག་བསམ་དག་པའི་མི་ཞིག་ཏུ་འགྱུར་བར་སྨོན།
ཁྱོད་ཀྱིས་དྲང་བདེན་གྱི་ལམ་ཁ་རྙེད་ཐུབ་ཅིང་གར་སོང་ས་ནས་བཀྲ་ཤིས་པར་སྨོན།
ཁྱོད་རང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ་པ་དང་།
མགོ་བོ་དགྱེས་ཤིང་། བྲང་ཁོག་ཆོད་སེམས་དང་སྙིང་རུས་ཀྱིས་ཁེངས་པར་སྨོན།
ཁྱོད་ཀྱི་ལང་ཚོ་རྟག་བརྟན་ཡོང་བར་སྨོན།
ཁྱོད་ཀྱི་ལག་ཟུང་དྲོད་ཀྱིས་ཁེངས་ཤིང་ཞབས་ཟུང་ཡང་ཤ་དོད་པར་སྨོན།
ཁྱོད་ལ་གཡོ་བ་མེད་པའི་བརྟན་བརླིང་གི་རྒྱབ་རི་ཞིག་ཡོད་པར་སྨོན།
དཀའ་སྡུག་གི་ཆར་རླུང་ཇི་ལྟར་འཚུབ་ཀྱང་།
ཁྱོད་ལ་ལྷོད་ཤ་ཆགས་པའི་ནང་སེམས་ཤིག་ཡོད་པར་སྨོན།
ཁྱོད་ཀྱི་སྙན་འཇེབས་ཀྱི་གླུ་སྐད་རེ་རེ།
ཀུན་གྱིས་སྒྲོག་ཅིང་ཀུན་གྱིས་བསྟོད་པར་སྨོན།
ཁྱོད་ཀྱི་ལང་ཚོ་རྟག་བརྟན་ཡོང་བར་སྨོན།
མཇུག་མཐར་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1