གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༡ཉིན།

ཁ་ལོ་བའི་རྒྱུགས་ལེན་གསོ་སྦྱོང་གིས་དབུལ་སྒྲོལ་བྱ་བར་རམ་འདེགས་བྱས།


          ཁམས་བྱང་བྲག་འགོ་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་དབུ་རི་གྲོང་ཚོར་གནས་ཤིང་ཡུལ་ལྗོངས་ཧ་ཅང་མཛེས་སྡུག་ལྡན། 2017ལོར་སློབ་གྲྭ་འདི་བཙུགས་པ་ནས་བཟུང་། སློབ་གྲྭ་འདིས་སློབ་ཁྲིད་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང་། སློབ་མའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་སློབ་མར་བསླབ་ལ་འབྲས་བུ་སྨིན་པར་རོགས་རམ་བྱས།
          ཁམས་བྱང་བྲག་འགོ་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་སྤྱོད་འགོ་ཚུགས་པ་དེས་བྲག་འགོ་ས་གནས་དེ་གའི་མི་སེར་དང་དེ་བཞིན་ཉེ་འཁོར་རྫོང་གི་ཁ་ལོ་བའི་ལག་ཁྱེར་གྱི་རྒྱུགས་སྤྲོད་སློབ་མར་སྟབས་བདེའི་ཞབས་ཞུ་མང་པོ་མཁོ་འདོན་བྱས་ཡོད་དེ། སྔོན་ཆད་ཁ་ལོ་བའི་ལག་ཁྱེར་ལ་རྒྱུགས་སྤྲོད་སྐབས་ས་གནས་དེ་གའི་མང་ཚོགས་རྣམས་དར་རྩེ་མདོར་སོང་ནས་ད་གཟོད་རྒྱུགས་སྤྲོད་པ་དང་སྦྱོང་བརྡར་ནང་ཞུགས་ཐུབ་ཀྱི་ཡོད་ཅིང་། ད་ལྟ་ཁ་ལོ་བའི་ལག་ཁྱེར་ལ་རྒྱུགས་སྤྲོད་སྐབས་དུད་ཚང་དབུལ་པོ་ཁག་གཅིག་གིས་སྒོ་འགྲམ་ནས་རྒྱུགས་སྤྲོད་ཆོག་གི་ཡོད་པས། འགྲོ་སོང་མང་པོ་ཞིག་གྲོན་ཆུང་བྱས་ཡོད། འདིས་ཁོ་ཚོའི་ལས་ཞུགས་ལ་ཐབས་ལམ་དེ་བས་མང་པོ་མཁོ་འདོན་བྱས་ཡོད།
ཁམས་བྱང་བྲག་འགོ་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭའི་ནང་གི་ཡུལ་ལྗོངས།
          ཁ་ལོ་བའི་གསོ་སྦྱོང་སློབ་གྲྭའི་སློབ་མས་གསར་འགོད་པར་བཤད་རྒྱུར། རྫོང་ཐོག་ནས་ཁ་ལོ་བའི་འཛིན་ཡིག་ལ་རྒྱུགས་སྤྲོད་ཆོག་པས་ཧ་ཅང་སྟབས་བདེ་པོ་འདུག“ང་ཚོ་ཐག་རིང་སར་རྒྱུགས་སྤྲོད་པར་འགྲོ་མི་དགོས་ཤིང་། ཞིང་པ་རྣམས་ལ་རྒྱུན་ལྡན་དུ་བྱ་བ་ཡང་ཅུང་མང་བས། འདི་ནས་རྒྱུགས་སྤྲད་ན་ཧ་ཅང་སྟབས་བདེ་ཡིན། ཐུགས་རྗེ་ཆེ་ཞུ”ཞེས་བཤད།
          ཁམས་བྱང་བྲག་འགོ་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭས་ད་རུང་སློབ་མའི་ཉལ་ཁང་དང་ཟ་ཁང་བཙུགས་ཡོད་ཅིང་། དེའི་ཁོར་ཡུག་བཟང་པོ་དང་རིན་གོང་འཚམ་པོས་ཕྱི་ནས་ཡོང་བའི་སློབ་མར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

བྲག་མགོ་བརྙན་འཕྲིན་ཁང་གི་གསར་འགོད་པས་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭའི་སློབ་མར་བཅར་འདྲི་བྱེད་པའི་རྣམ་པ།
          སྡེ་དགེ་རྫོང་ནས་ཡོང་བའི་སློབ་མས “བྲག་འགོ་རྫོང་དུ་ཁ་ལོ་བའི་ལག་ཁྱེར་གྱི་རྒྱུགས་ལེན་ལ་ཐོ་འགོད་བྱེད་པ་དང་། རྒྱུགས་ལེན་པར་འགྲོ་བར་ཡང་ཧ་ཅང་སྟབས་བདེ་ཡིན་ཞིང་། ཟ་ཆ་དང་སྡོད་ཁང་གི་གོང་ཁེ་བ་དང་དགེ་རྒན་རྣམས་ཀྱིས་ཁྲིད་པའང་ཧ་ཅང་བཟང”ཞེས་བཤད།

བྲག་མགོ་བརྙན་འཕྲིན་ཁང་གི་གསར་འགོད་པས་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭའི་སློབ་མར་བཅར་འདྲི་བྱེད་པའི་རྣམ་པ།
          སློབ་གྲྭ་ཡག་པོ་དང་རྩལ་ཁྲིད་ཀྱི་དགེ་རྒན་བཟང་པོ་ཞིག་གིས་ད་གཟོད་ཁ་ལོ་བ་ཡག་པོ་ཞིག་གསོ་སྐྱོང་ཅིང་།  ཁམས་བྱང་བྲག་འགོ་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་སློབ་མར་ཞབས་འདེགས་ཞུ་བའི་སློབ་གཉེར་ལ་དམིགས་ཏེ། རྒྱལ་ཡོངས་ཀྱི་སློབ་ཁྲིད་རྩ་གནད་ཀྱི་བླང་བྱ་ལྟར་གཅིག་གྱུར་གྱིས་སློབ་ཁྲིད་ནན་པོ་བྱས་ཤིང་།བགྲོད་ལམ་བདེ་འཇགས་ཀྱི་སློབ་གསོ་ནན་པོ་བརྒྱབ་ནས་སློབ་མ་སློབ་གྲྭར་ཡོད་པའི་དངོས་གཞི་ཅན་གྱི་སློབ་སྦྱོང་ལ་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད། 
          ཁམས་བྱང་བྲག་འགོ་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭའི་དགེ་རྒན་གྱིས་བཤད་རྒྱུར། ཁོ་ཚོའི་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་བཙུགས་ནས་ད་ལྟའི་བར། བྲག་འགོ་རྫོང་གི་སློབ་མར་རོགས་རམ་བྱས་པར་མ་ཟད། ད་དུང་ཉེ་འཁོར་རྫོང་གི་སློབ་མར་ཡང་སྟབས་བདེ་མང་པོ་བསྐྲུན་ཡོད་ཅིང་། རྩལ་ཁྲིད་དགེ་རྒན་གྱིས་བློ་སེམས་རྩེ་གཅིག་གིས་སློབ་མར་སློབ་ཁྲིད་བྱས་པ་དང་། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་རླངས་འཁོར་བསྐོར་རྩལ་ཁྲིད་པར་མ་ཟད།  ས་ཆ་གཞན་གྱི་སློབ་མར་ཟ་མ་དང་སྡོད་ཁང་མཁོ་འདོན་བྱས་ནས་རིན་གོང་ལ་དངོས་ཕན་ཐོབ་ཡོད་ཅེས་བཤད།
          བྲག་མགོ་བརྙན་འཕྲིན་ཁང་གི་གསར་འགོད་པས་ཁ་ལོ་པའི་གསོ་སྦྱོང་སློབ་གྲྭའི་ལས་དོན་མི་སྣར་བཅར་འདྲི་བྱེད་པའི་རྣམ་པ།
          ཉེ་ཆར། གསར་འགོད་པས་བྲག་འགོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ནས་སླར་ཡང་སློབ་མ་ཁག་གཅིག་གིས་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭའི་ཚན་ཁག་སོ་སོའི་རྩལ་ཁྲིད་དགེ་རྒན་གྱི་མཛུབ་ཁྲིད་འོག་བདེ་བླག་ངང་རྒྱུགས་འཕྲོད་དེ། ཁོ་ཚོའི་གདོང་ལ་འཛུམ་མདངས་འཕྱུར་བཞིན་བྲག་འགོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དུ་ཁ་ལོ་བའི་ལག་ཁྱེར་ལེན་དུ་ཡོང་། ཁོ་ཚོས་ད་ལྟ་ནས་རང་ཉིད་ཁ་ལོ་བ་ངོ་མ་ཞིག་ཏུ་གྱུར་ཞིང་། རླངས་འཁོར་བདེ་འཇགས་ངང་བསྐོར་བ་དང་བདེ་འཇགས་ངང་ཁྱིམ་དུ་ལོག་པར་ཁག་ཐེག་བྱས།

སློབ་མ་ཚོས་བྲག་འགོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ནས་ཁ་ལོ་བའི་ལག་ཁྱེར་ལེན་པའི་རྣམ་པ་རེད།
          བྲག་འགོ་ཁ་ལོ་པའི་གསོ་སྦྱོང་སློབ་གྲྭ་ནི་རྒྱལ་ཁབ་ཀྱི་རླངས་འཁོར་རིགས་གཉིས་པའི་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་ཞིག་ཡིན་ཞིང་། དགེ་རྒན་གྱི་སྟོབས་ཤུགས་ཆེ་ཞིང་སྒྲིག་ཆས་ཆ་ཚང་བས། སློབ་གྲྭས་སྤྱི་ཚོགས་སུ་ཁ་ལོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་བསྐྱལ་ཏེ། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་། དངོས་གཉེར། གསར་འབྱེད། གསར་གཏོད་བཅས་ཀྱི་སློབ་གཉེར་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་འཆམ་མཐུན་དང་། ཤེས་དཔལ། ཤར་གཏོང་གི་འགྲིམ་འགྲུལ་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་བྱས་རྗེས་བཞག་ཡོད་པ་རེད།

ཁ་ལོ་བའི་གསོ་སྦྱོང་སློབ་གྲྭའི་སློབ་མས་རྒྱལ་དར་འོག་ཏུ་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་འཇོག་པའི་རྣམ་པ།
          རྒྱུས་ལོན་བྱུང་བ་ལྟར་ན། ཁམས་བྱང་བྲག་འགོ་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭས་ད་དུང་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། ས་གནས་དེ་གའི་གནད་སྨིན་དབུལ་སྒྲོལ་གྱི་དུད་ཚང་ལ་གཟིགས་སྐྱོང་ངེས་ཅན་བྱས་ཡོད་པ་རེད། 
          གནད་སྨིན་དབུལ་སྐྱོར་གྱི་དུད་ཁྱིམ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཁོས་བྲག་འགོ་ཁ་ལོ་པའི་གསོ་སྦྱོང་སློབ་གྲྭ་ནས་རླངས་འཁོར་ཆེ་གྲས་རིགས་བསྐོར་བའི་ལག་ཁྱེར་ལ་རྒྱུགས་སྤྲད་ཅིང་། “ཁ་ལོ་བའི་གསོ་སྦྱོང་སློབ་གྲྭས་ང་ཚོ་དབུལ་ཕོངས་དུད་ཁྱིམ་ལ་སྒོར་སྟོང་གཅིག་གིས་གཟིགས་སྐྱོང་གནང་བྱུང་། བཀའ་དྲིན་ཤིན་ཏུ་ཆེ། ད་ལྟ་ལག་ཁྱེར་ཡང་ལག་ཏུ་རེག་བྱུང་”ཞེས་བཤད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1