ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས་སྲིད་གཞུང་གི་ལྟ་ཞིབ་ལས་དོན་སྲོལ་ཡིག་ཁྱབ་བསྒྲགས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-30


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས་སྲིད་གཞུང་གི་ལྟ་ཞིབ་ལས་དོན་སྲོལ་ཡིག་ཁྱབ་བསྒྲགས་གནང་ཡོད།
        སྲོལ་ཡིག་ནང་། སྲིད་གཞུང་གི་ལྟ་ཞིབ་ལས་ཀའི་ལས་འགན་མཚམས་ཐིག་དང་། ལག་བསྟར་གཙོ་གཟུགས། ལྟ་ཞིབ་བྱ་ཡུལ་བཅས་ཁ་གསལ་བཟོས་ཡོད་པ་དང་། སྲིད་གཞུང་གི་ལྟ་ཞིབ་གོ་རིམ་དང་། ལྟ་ཞིབ་བྱེད་སྟངས། འགན་སྲུང་ལམ་ལུགས་སོགས་ཀྱི་ཐད་གཏན་འབེབས་བཟོས་ཡོད། སྲིད་གཞུང་གི་ལྟ་ཞིབ་གྱིས་གཙ་གནད་ཐོག་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་གནས་ཚུལ་དང་། ལྟ་ཞིབ་བྱ་ཡུལ་གྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར་བྱེད་པའི་གནས་ཚུལ་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཡིན། ལྟ་ཞིབ་དེ་ཉིད་བཅར་འདྲི་དང་། སྐོར་ཞིབ། མཉམ་འབྲེལ་དྲ་རྒྱའི་ཐོག་ལྟ་ཞིབ་སྣོན་པ་སོགས་ཀྱི་བྱ་ཐབས་བཟུང་ཆོག་གི་ཡོད། ལྟ་ཞིབ་བྱ་ཡུལ་གྱིས་ལྟ་ཞིབ་མཇུག་འབྲས་ལ་བསམ་འཆར་ཡོད་ན། བསྐྱར་ཞིབ་བྱ་རྒྱུའི་རེ་ཞུ་བྱེད་ཆོག སྲིད་གཞུང་ལྟ་ཞིབ་སྡེ་ཁག་གིས་ལྟ་ཞིབ་བྱ་ཡུལ་ལ་བསྔགས་བརྗོད་དང་། སྐྱོན་བརྗོད། འགན་འཁྲི་མདའ་འདེད་བཅས་བྱེད་ཆོག་ལ། དེ་བཞིན་འཚམས་མཐུན་མེད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་འགྱུར་ལྡོག་དང་མེད་པ་བཟོ་བའི་བསམ་འཆར་འདོན་ཆོག་གི་ཡོད།
        སྲོལ་ཡིག་ནང་། སྲིད་གཞུང་ལྟ་ཞིབ་གྱིས་ཐེངས་གྲངས་དང་དུས་ཡུན་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། ལྟ་ཞིབ་བྱེད་པའི་ཁྱབ་ཁོངས་གང་བྱུང་དུ་རྒྱ་ཆེར་གཏོང་མི་རུང་བ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་དོར་དགོས་ཞེས་ནན་སྟོན་བྱས་ཡོད།
        སྲོལ་ཡིག་དེ་སྤྱི་ལོ་2021ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1