གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༣༡ཉིན།

ཁྲུང་ཁྲུང་སྐེ་ནག་ལྷ་སའི་ལྷུན་འགྲུབ་རྫོང་དུ་འཛོམས།


 ༄༅།།ཁྲུང་ཁྲུང་སྐེ་ནག་ལྷ་སའི་ལྷུན་འགྲུབ་རྫོང་དུ་འཛོམས།


   མི་དམངས་དྲ་བའི་འཕྲིན། ཉི་མ་ཤར་ཕྱོགས་ཀྱི་རི་རྩེ་ནས་འཕགས་ཤིང་སྨུག་པ་སྲབ་མོ་བརྒྱུད་ནས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་འགྲུབ་རྫོང་མཚོ་སྟོད་ཤང་མཁར་གདོང་གྲོང་ཚོའི་ཞིང་ཁར་འཕྲོས་དུས། ཉི་མ་དོན་འགྲུབ་ཀྱིས་རླངས་འཁོར་གྲ་སྒྲིག་བྱས་ནས་ཤང་དུ་ཅ་ལག་དབོར་བར་འགྲོ་གྲབས་བྱེད་བཞིན་འདུག 

    ཉི་མ་དོན་འགྲུབ་དང་དུས་མཉམ་དུ་“ཕྱི་ཡུལ་”དུ་འགྲོ་མཁན་ནི་ད་དུང་སྟག་འགོ་རི་ཆུ་མཛོད་ནས་ཐོན་ཞིང་ཉེ་འཁོར་གྲོང་ཚོའི་ཞིང་ཁ་རུ་ཟས་འཚོལ་བར་སྐྱོད་པའི་ཁྲུང་ཁྲུང་སྐེ་ནག་སོགས་དུས་བྱ་ཡོད། 

   ངོས་གཉིས་སུ་རི་བོ་དང་ལྟག་རྒྱབ་ཉིན་ཁར་ཕྱོགས་པའི་སྟག་མགོ་རི་ཆུ་མཛོད་ནི་དུས་བྱ་སྡོད་ས་རེད། ལོ་རེའི་ཟླ་10པའི་ཟླ་དཀྱིལ་ནས་བཟུང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་རིམ་བཞིན་གྲང་ངར་ཆེ་བའི་བོད་བྱང་ཐང་ནས་ཐོན་ཏེ། ཁྱུ་སྒྲིག་ཞིང་རི་ཀླུང་བརྒལ་ནས་སྟག་མགོ་རི་ཆུ་མཛོད་དང་། དེ་ཡོད་སའི་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་གྲོང་རོང་ཁུལ་དུ་ཡོང་ནས་དགུན་ཟླ་སྐྱེལ་གྱི་ཡོད། 
   ཁྲུང་ཁྲུང་སྐེ་ནག་སོགས་དུས་བྱའི་ལོ་གཅིག་ཐེངས་གཅིག་གི་གནས་སྤོ་ཡིས་དགུན་ཁ་ཤར་བའི་ལུང་པ་འདིའི་ལྷིང་འཇགས་དཀྲོགས་ཡོད། འདབ་ཆགས་སྣ་ཚོགས་མཁའ་རུ་ལྡིང་སྐོར་བྱེད་ཅིང་།  ཅ་ཅོ་སྒྲོག་ཏེ་ཟས་འཚོལ་བ་སོགས་ཀྱིས་ལྷིང་འཇགས་ཀྱི་དགུན་ཁ་འདི་ལ་གསོན་ཤུགས་ཤིག་བསྩལ་ཡོད། 
   གནས་འདིར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ནི་གྲོགས་པོ་ཁོང་ཚོ་སླེབས་ཡོང་བར་སྔ་ནས་གོམས་གཤིས་ཆགས་ཡོད། ཉི་མ་དོན་འགྲུབ་ཀྱིས་ཁོང་དང་ཐག་མི་རིང་བའི་ཁྲུང་ཁྲུང་སྐེ་ནག་དེ་ལ་མཛུབ་མོ་འཛུགས་བཞིན། “‘ཁྲུང་ཁྲུང་སྐེ་ནག’ཞོགས་པ་ནས་འཕུར་འགྲོ དགོང་ཁར་ཕྱིར་ལོག་ཡོང་གི་རེད”ཅེས་བཤད་མཚམས་སུ། ཁོས་མཛུབ་མོ་བཙུགས་པའི་ཁྲུང་ཁྲུང་སྐེ་ནག་དེ་ཁོང་ཚོའི་ཁང་སྟེང་ནས་འཕུར་སོང་བ་དང་། གཟུགས་བརྙན་རིམ་བཞིན་ཇེ་ཆུང་གྱུར་ཞིང་། ཐག་རིང་གི་ཞིང་ཁའི་ཕྱོགས་ལ་འཕུར་ནས་སོང་། 



   ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཁྲུང་སྐེ་ནག་སྲུང་བའི་ཡུལ་དམག་སྐོར་ཞིབ་སྲུང་སྐྱོང་རུ་ཁག་གིས་གཙོ་བོ་ས་ཁོངས་ནང་ཁུལ་གྱི་རྒྱུན་ལྡན་གྱི་སྐོར་ཞིབ་སྲུང་སྐྱོང་གི་འགན་འཁུར་བ་དང་། སྲུང་སྐྱོང་ས་ཁོངས་ནང་ཁུལ་དུ་ཁྲིམས་འགལ་ངང་རི་དྭགས་རྔོན་པ་དང་གད་སྙིགས་གང་འདོད་དུ་བསྐྱུར་བའི་བྱ་སྤྱོད་ལ་ལྟ་སྐུལ་དང་བཀག་རྒྱ་བྱེད་དགོས། ཡུལ་སྐོར་བས་དུས་བྱ་འདྲོག་སློང་བ་མཐོང་དུས་དུས་ཐོག་ཏུ་སུན་པོ་མི་བཟོ་བའི་ཁ་ཏ་བྱེད་དགོས། རི་སྐྱེས་སྲོག་ཆགས་འཆི་རྨས་ཀྱི་གནས་ཚུལ་དང་འཕྲད་ཚེ་དུས་ཐོག་ཏུ་མྱུར་སྐྱོབ་བྱེད་དགོས།  གཞན་ཡང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་རྒྱལ་སྲུང་སློབ་གསོ་སོགས་དྲིལ་བསྒྲགས་ལས་དོན་རབ་དང་རིམ་པའི་འགན་ཡང་འཁུར་བཞིན་ཡོད། 



   ཆུང་དུས་ནས་ཁྲུང་ཁྲུང་སྐེ་ནག་ལོ་རེའི་དགུན་དུས་འཕུར་ཡོང་བ་ལ་བལྟས་ནས་འཚར་ལོང་བྱུང་བའི་ཚེ་རིང་ལྷུན་འགྲུབ་ལ་ད་ལོར་ཐོབ་ཐང་གསར་པ་ཞིག་ཡོད་པ་ནི་ཁྲུང་ཁྲུང་སྐེ་ནག་སྲུང་བའི་ཡུལ་དམག་སྐོར་ཞིབ་སྲུང་སྐྱོང་རུ་ཁག་གི་རུ་མི་རེད། ཁོང་གིས། དེ་སྔོན་དགུན་དུས་སུ་ཕལ་ཆེར་ཁྱིམ་དུ་སྡོད་པ་ཡིན། མཚམས་རེར་ཕྱི་ཡུལ་དུ་ཞོར་ལས་ལ་ཕྱིན་ནས་འཚོ་བའི་ཁ་གསབ་བྱས་པ་ཡིན། ཁྲུང་ཁྲུང་སྐེ་ནག་གིས་བདེ་ལེགས་ངང་དགུན་ཟླ་སྐྱེལ་ཐུབ་པར་སྲུང་མཁན་ཅིག་ལ་གྱུར་རྗེས། ཁོང་གི་དགུན་ཟླ་ཡང་སོས་དལ་མེད་པར་གྱུར་སོང་། 
   ཉི་མ་ནུབ་ཁའི་མཚམས་སུ། ཁྲུང་ཁྲུང་རྣམས་ཕྱིར་ཆུ་མཛོད་ལ་འཕུར་ལོག་བྱུང་། འདི་ལྟར་ཞོགས་པ་ཕྱིར་འཕུར་ཞིང་དགོང་མོ་ཚུར་ལོག་པའི་རྣམ་པ་དེ་སང་ལོའི་དཔྱིད་ཀྱི་མེ་ཏོག་བཞད་དུས་སུ་སླར་བོད་བྱང་ཐང་དུ་ལོག་འགྲོ ཞོགས་པར་ཕྱིར་འཕུར་ཞིང་དགོང་མོ་ཚུར་ལོག་པ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། དགུན་དུས་ལོག་པ་དང་དཔྱིད་དུས་འཕུར་འགྲོ་བ་ནི་ཁོང་ཚོའི་ཁ་ཆད་རེད།(http://tibet.people.com.cn/15834089.html)



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1