ཞི་ཅིན་ཕིང་གི་གསུང་བཤད་ལ་ཚན་རྩལ་མི་སྣའི་ཁྲོད་ལན་ཆ་ཆེན་པོ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-01



         འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེའི་ཚོགས་ཆེན་དང་ཀྲུང་གོའི་ཚན་རིག་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།  ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་བ་དང་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་སྐུལ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཡོང་བའི་ཐད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
        ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་དུས་བསྟུན་མདུན་སྐྱོད་ཀྱི་སྙིང་སྟོབས་དང་། རྙིང་ཚབ་གསར་བརྗེའི་སྤོབས་སེམས། བློ་བརྟན་འགྱུར་མེད་ཀྱི་ངེས་ཤུགས་བཅས་ཀྱི་ཐོག་ནས་དུས་རབས་ཀྱིས་སྤྲད་པའི་ལས་འགན་ཕྲག་ཏུ་འཁུར་ཏེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        པེ་ཅིང་ཧོའེ་རའུ་ཚན་རྩལ་གྲོང་དུ་ཀྲུང་གོ་ཚན་རིག་ཁང་གི་ནུས་མཐོ་དངོས་ཁམས་ཞིབ་འཇུག་སོའོ་ཡིས་བསྐྲུན་པའི་ནུས་མཐོ་མཉམ་བགྲོད་འགྱེད་འཕྲོའི་འོད་ཁུངས་ད་ལྟ་མགྱོགས་མྱུར་ངང་སྐྲུན་བཞིན་ཡོད། འཛུགས་སྐྲུན་ལེགས་གྲུབ་ཟིན་རྗེས། འདི་ནི་རང་རྒྱལ་གྱི་ནུས་མཐོ་མཉམ་བགྲོད་ཀྱི་འགྱེད་འཕྲོའི་འོད་ཁུངས་དང་པོ་རེད་ལ།  འཛམ་གླིང་སྟེང་ཆེས་གསལ་ཤོས་ཀྱི་ཐོན་བཞི་པའི་མཉམ་བགྲོད་འགྱེད་འཕྲོའི་འོད་ཁུངས་གྲས་ཤིག་ཀྱང་རེད།  ཞིབ་འཇུག་སོའི་ཡི་སོའོ་ཀྲང་གཞོན་པ་ཏུང་ཡུས་ཧུའེ་ཡིས། རྒྱལ་ཁབ་ཀྱི་དགོས་མཁོ་ནམ་ཡང་ཨང་དང་པོར་འཇོག་རྒྱུ་བློ་ལ་བརྟན་པོ་ངེས་ནས་རྨང་གཞིའི་ཞིབ་འཇུག་འགག་སྒྲོལ་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས། འབྱུང་འགྱུར། ང་ཚོས་ཚན་རྩལ་སྒྲིག་ཆས་ཆེན་མོ་དེ་བས་མང་བ་འཛུགས་སྐྲུན་དང་དེ་བཞིན་ཚན་ཞིབ་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་ཚན་རྩལ་གསར་གཏོད་ཀྱི་གལ་ཆེའི་རང་བཞིན་བསྐྱར་དུ་ནན་བཤད་གནང་བས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངེས་པར་དུ་མུ་མཐུད་འབད་བརྩོན་བྱས་ནས་རྒྱལ་ཁབ་ཀྱིས་སྤྲད་པའི་ལས་འགན་ལེགས་འགྲུབ་ཐུབ་པ་བྱས་ཏེ་ཚན་རྩལ་བྱ་གཞག་གོང་འཕེལ་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད།
        རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཐེན་ཅིན་ལྟེ་གནས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་དབུ་ཆེན་ཧྥོང་ཅིང་ཧྭ་ནི་ཐེན་ཧོ་རིམ་འདས་རྩིས་རྒྱག་སྟེགས་བུའི་ཐོག་ལས་དོན་སྒྲུབ་མཁན་གྱི་གཞོན་སྐྱེས་ཚན་རྩལ་ལས་དོན་པ་ཞིག་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། གོམ་སྟབས་རྗེས་མར། ང་ཚོའི་ཚོགས་པས་རང་བདག་རིམ་འདས་རྩིས་རྒྱག་བཀོལ་སྤྱོད་དང་གཞི་ཁྱོན་ཆེས་ཆེ་བའི་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་གྱི་རིག་ནུས་འཁོར་རྒྱུག་དང་ཐོན་ཁུངས་བཀོད་སྒྲིག་སོགས་ཀྱི་ཐད་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན། ང་ཚོས་རྒྱལ་ཁ་ཐོབ་ངེས་རེད་སྙམ་པའི་ཆོད་སེམས་ཐོག་ནས་དཀའ་ངལ་ལ་ངོས་འཛིན་གང་ལེགས་དང་དཔྱད་དཔོག་བྱེད་དགོས་པ་དང་། དེ་དག་རེ་རེ་བཞིན་གསེད་དཀྲོལ་དང་འགག་གཏོར་ཐུབ་པ་བྱས་ཏེ་མཐར་ཐུག་གཞི་ཁྱོན་ཆེས་ཆེ་བའི་རང་བདག་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་བཀོལ་སྤྱོད་ཡག་པོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཚན་རྩལ་འགག་སྒྲོལ་བྱེད་པར་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་དང་།  ཁ་ཚ་དགོས་གཏུག་དང་ཛ་དྲག་ཤོས་ཀྱི་གནད་དོན་ཕྱོགས་སུ་གདོང་སྐྱོད་བྱེད་དགོས་ཞེས་གསུངས་ཡོད།
        ཧྲན་ཏུང་ཞིང་ཆེན་ཚན་རིག་ཁང་རྒྱ་མཚོའི་ཡོ་བྱད་དཔྱད་ཆས་ཞིབ་འཇུག་སོའོ་ཡི་གཞུང་ལས་ཁང་གི་ཀྲུའུ་རིན་ཞུས་ཧྲན་ཧྲན་གྱིས། མིག་སྔར་རྒྱ་མཚོའི་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱི་ཛ་དྲག་ཤོས་དང་ཁ་ཚ་དགོས་གཏུག་གི་གནད་དོན་ནི་ལྟེ་བའི་ཚོར་འདྲེན་ཡོ་བྱད་དང་རྩེར་སོན་དཔྱད་ཆས་རང་བསྟེན་གསར་གཏོད་ཐུབ་པ་བྱ་རྒྱུ་དེ་རེད། ང་ཚོས་རྒྱལ་ཁབ་ཀྱི་དགོས་མཁོ་ཆེ་ཤོས་དང་རྒྱང་རིང་གི་དགོས་མཁོར་གཞིགས་ནས་མཐོ་སློབ་དང་ཞིབ་འཇུག་ཁང་དང་ཞིབ་འཇུག་སོའོ་སོགས་གསར་གཏོད་བྱེད་པོ་ཁག་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ་གསར་གཏོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་མཚོའི་ལྟ་ཞིབ་ཚད་ལེན་གྱི་ལྟེ་བའི་ཚོར་འདྲེན་ཡོ་བྱད་དང་རྩེར་སོན་དཔྱད་ཆས་ཀྱི་གྲུབ་འབྲས་གཞན་སྒྱུར་གྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཤད་ཡོད།
        ཧུའུ་པེ་རུ་གནས་པའི་མཁའ་སྐྱོད་བཟོ་ལས་ཀྱི་དམིགས་བསལ་འཕུར་སྐྱོད་ཡོ་བྱད་ཞིབ་འཇུག་སོའོ་ནི་རང་རྒྱལ་གྱི་ཆུ་ངོས་གནམ་གྲུའི་འཕུར་སྐྱོད་ཡོ་བྱད་ཞིབ་འཇུག་བྱེད་མཁན་གྱི་ཚན་པ་ཉག་ཅིག་དེ་རེད། ཞིབ་འཇུག་སོའོ་དེས་མཁའ་སྐྱོད་མཐོ་གསར་ཚན་རྩལ་དང་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད། ཞིབ་འཇུག་སོའོ་ཡི་སྤྱིའི་རླུང་སྒོམ་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་སུན་ནཱ་ཡིས། རྒྱལ་ཁབ་ཀྱི་དགོས་མཁོའི་མདུན་དུ་ང་ཚོ་མཁའ་སྐྱོད་མི་སྣས་ད་ཡོད་ཀྱི་གྲུབ་འབྲས་ལ་བློ་ཡིད་ཚིམས་ནས་མི་བསྡད་པར། རྒྱུན་ཆད་མེད་པར་གསར་གཏོད་བྱས་ན་གཞི་ནས་ཆུ་ཚད་དེ་བས་མཐོ་བའི་ཐོན་རྫས་ཞིབ་བཟོ་བྱེད་ཐུབ་ཅེས་བཤད་ཡོད།
        ཤེས་ལྡན་མི་སྣའི་རང་བརྟེན་གསོ་སྐྱོང་ལ་མཐོང་ཆེན་སྔར་ལས་ལྷག་པ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་གི་འགྲན་རྩོད་ནི་མཐར་གཏུག་ནས་བཤད་ན་ཤེས་ལྡན་མི་སྣའི་འགྲན་རྩོད་དང་སློབ་གསོའི་འགྲན་རྩོད་རེད་ཅེས་ནན་སྟོན་གནང་ཡོད། ཅི་ལིན་སློབ་ཆེན་གློག་རྡུལ་ཚན་རིག་སློབ་གླིང་གི་འགོ་འཛིན་ལུའུ་ཀེ་ཡུས་ཀྱིས། ང་ཚོས་ཚན་སློབ་མཉམ་འདྲེས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འདུས་གྲུབ་འོད་གློག་རྡུལ་རིག་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཆུ་ཚད་མཐོ་བའི་ཞིབ་འཇུག་ལས་སྟེགས་སྤྱད་དེ་རྒྱལ་གཅེས་ཁྱིམ་གཅེས་དང་། འགན་འཁྲི་འཁུར་ཕོད་པ། རྨང་གཞི་བརྟན་པོ་ཡོད་པ། གསར་གཏོད་བྱེད་ཕོད་པ། མཉམ་ལས་བྱེད་མཁས་པ་བཅས་ཀྱི་ཆུ་ཚད་མཐོ་བའི་གློག་རྡུལ་ཆ་འཕྲིན་རིགས་ཀྱི་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། 
        མཚོ་དམག་མཁའ་སྐྱོད་སློབ་ཆེན་སློབ་དཔྱོད་ཁང་ག་གེ་མོའི་ཀྲུའུ་རེན་ཀོན་ཤིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚན་རྩལ་འགག་གཏོར་ཐད་གནད་དོན་གྱི་སྟོན་ཕྱོགས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཆེས་ཛ་དྲག་དང་ཆེས་ཁ་ཚ་དགོས་གཏུག་གི་གནད་དོན་ཕྱོགས་སུ་བསྐྱོད་དགོས་ཞེས་གསུངས་པ་དེས་ང་ཚོའི་ཚན་ཞིབ་ལས་དོན་མི་སྣས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཞབས་ཞུ་བསྒྲུབ་དགོས་པ་དང་། ཚན་ཞིབ་ལས་དོན་པས་དམག་གྲབས་དམག་རྒྱག་ལ་ཞབས་ཞུ་བསྒྲུབ་པའི་སེམས་ཤུགས་ཆེ་རུ་ཕྱིན་པ་མ་ཟད། དེས་ང་ཚོའི་རྒྱལ་སྲུང་ཁྱབ་ཁོངས་ཀྱི་ཚན་རྩལ་མི་སྣས་ཚན་རྩལ་གསར་གཏོད་ཀྱིས་དམག་འཐབ་ནུས་པ་འཛུགས་སྐྱོང་ལ་ཞབས་ཞུ་བསྒྲུབ་རྒྱུར་ཡང་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་རྒྱལ་ཁབ་ཀྱི་ཚན་རྩལ་རིག་གཞུང་གི་མདུན་གྲལ་དང་མཚོ་དམག་བརྗེ་སྒྱུར་གྱི་གལ་ཆེའི་འཐབ་ཇུས་དགོས་མཁོར་དམིགས་ཏེ་འཕུར་སྐྱོད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རྩལ་མཁོ་སྤྲོད་ལས་དོན་ཐད་ཁྱད་ལྡན་ནང་དོན་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ཐོག་དམག་འཐབ་དངོས་ཀྱི་ནུས་པའི་སྣེ་ཁྲིད་དང་སྐུལ་ཁྲིད་ལ་སྔར་བས་མཐོང་ཆེན་པོ་བྱེད་དགོས་ཞེས་བཤད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1