གཙོ་ངོས།>> པར་སྐྲུན།>>ཁ་བཏགས་དཀར་པོ།

ཆུང་བདག ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༡༨ཉིན།

འབྲོག་པའི་སྦྲ་གུར་གྱི་རིག་གནས།

དཔྱད་གཞིའི་ཡིག་ཆ་ལྟར་ན། ལོ་སྟོང་ཕྲག་གི་གོང་དུ་ས་མཐོའི་མི་རྣམས་ཀྱིས་རྔོན་བརྒྱབ་པའི་གཅན་གཟན་རི་དྭགས་ཀྱི་པགས་པ་ཤིང་གི་ཡལ་གར་བཀལ་ནས་ཆར་རླུང་འགོག་ཐབས་ཤེས་པ་དང་རིམ་བཞིན་བལ་སྤུའི་འཐག་ལས་ཤེས་ནས་སྦྲ་གུར་རིག་གནས་དར་ཁྱབ་བྱུང་རྗེས་ཀྱང་། རྩྭ་ཆུ་གང་བཟང་དུ་སྐྱས་སྤོའི་འཚོ་བ་བསྐྱལ་ནས་ལོ་ངོ་དུ་མ་འདས་པའི་ནང་སྦྲ་གུར་འཐག་རྩལ་གོང་མཐོར་ཕྱིན་ནས་ཆར་ཆུ་འཚོག་པ་དང་དབྱར་ཁ་བསིལ་ལ་དགུན་ཁ་དྲོ་བའི་ཁྱད་ཆོས་ལྡན་པ་མ་ཟད། ལོ་ངོ་བཅུ་གྲངས་བེད་སྤྱོད་གཏོང་ཆོག་པའི་སྦྲ་གུར་གྱིས་ས་མཐོའི་མི་རྣམས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

སྦྲ་གུར་གྱི་བཟོ་རྒྱུན།

སྦྲ་གུར་གྱི་རྒྱུ་ནི་འབྲི་གཡག་གི་རྩིད་པ་བྲེག་པ་དང་། གསེད་པ། ཡོ་ག་ཡོག་ནས་སྐུད་པ་སྦོམ་ཙམ་ཞིག་བསྒྲིམས་པ། འཐག་པ་བཅས་ཀྱི་ལས་རིམ་བརྒྱུད་དགོས་ཀྱི་ཡོད། རེ་ཏ་འཐག་སྐབས་རྒྱུ་སྤུན་གཉིས་ཀའི་རྒྱུ་ཆ་གཅིག་པ་ཡིན་རུང་རྒྱུའི་དོད་ཀྱི་སྐུད་པ་ཕྲ་ཙམ་ཡོད་པ་དང་སྤུན་གྱི་དོད་ནི་སྦོམ་ཙམ་ཡོད། རེ་ཏ་བུབ་རེའི་ཞེང་ཚད་ལ་ལི་སྨི་30ཙམ་ཡོད་པ་དང་རིང་ཐུང་ནི་གུར་གྱི་ཆེ་ཆུང་ལ་བསྟུན་ནས་དྲས་གཏུབ་བྱེད་ཀྱི་ཡོད། དེ་རྗེས་རེ་ཏའི་ལེབ་ཁ་སྦྱར་བཏང་ནས་ཁག་གཉིས་བཟོ་དགོས་པ་དང་དེ་གཉིས་སྦྱར་མཚམས་ཀྱི་བར་དུ་ཧ་ལམ་ལི་སྨི་60ཙམ་ཡོད་པའི་བར་མཐོངས་ཤིག་འཇོག་གི་ཡོད་པ་དེ་ནི་སྦྲ་གུར་སྟེང་ཐོག་གི་རླུང་འགྲོ་དང་དུ་བ་འབུད་ས་ཡིན་ལ་ཁང་པའི་སྒེའུ་ཁུང་གི་ཚབ་ཀྱང་ཡིན། སྦྲ་གུར་ཆེ་ཆུང་ནི་ཡོངས་སུ་དཔལ་འབྱོར་གྱི་འཁོས་ཀ་དང་ནང་མི་མང་ཉུང་ལ་བརྟེན་ནས་ཚོད་འཛིན་བྱེད་དགོས་པ་དང་སྦྲ་གུར་ཕལ་ཆེ་བར་མི་དྲུག་བདུན་ཙམ་ཤོང་བ་ཞིག་བཟོ་བཞིན་ཡོད། སྤྱིར་བཏང་གི་སྦྲ་གུར་ལ་རེ་ཏ་ལེབ་20ནས་30བར་དགོས་པ་དང་། སྦྲ་གུར་ཆེ་བར་རེ་ཏ་ལེབ་40ནས་50བར་དགོས། འབྲི་གཡག་ཕལ་ཆེ་བའི་སྤུ་མདོག་ནག་པོ་ཡིན་ལ་སྦྲ་གུར་གྱི་ཚོས་གཞི་ཡང་ནག་པོ་ཡིན་སྟབས་སྦྲ་ནག་ཅེས་པའི་ཐ་སྙད་ཐོགས་ཡོད་རུང་། སྦྲ་གུར་ལ་ལར་མཛེས་ཉམས་འདོན་ཆེད་བལ་གྱིས་བཏགས་པའི་རེ་ཏ་དཀར་པོ་ཞིག་གིས་སྦྲ་གུར་གྱི་མདུན་ནས་སྟེང་བར་དང་ཡང་སྟེང་ནས་རྒྱབ་ངོས་བར་གཏོང་སྲོལ་ཡོད་པས་ནག་པོའི་ཐོག་ཏུ་དཀར་ཐིག་བརྒྱབ་པ་འདྲ་བའི་རྒྱན་སྤྲོས་བྱེད་ཐབས་དེ་ནི་ཡིད་གར་འོང་བ་ཞིག་ཡོད་ལ་བྱང་རྩྭ་ཐང་ཐོག་གི་ནོར་ལུག་རིག་གནས་དང་མཐུན་པའི་མཛེས་ལྗོངས་ཁྱད་པར་ཅན་ཞིག་ཀྱང་ཡིན།

སྦྲ་གུར་གྱི་ཁྱད་ཆོས།

སྦྲ་གུར་ཕུབ་སྐབས་ཕྱོགས་བཞིར་གུར་རྒྱུག་བཞི་དང་། དཀྱིལ་དུ་ཀ་ར། འཕྲེད་དུ་གུང་ཤིང་། ད་དུང་འདེགས་རྒྱུག་དང་། ཕྱོགས་བཞིར་གུར་ཐག་བསྐོན་རྒྱུའི་ཕུར་པ་བཅས་ཡོད་ལ། སྦྲ་གུར་སྟེང་གི་བར་མཐོངས་ལ་འགེབས་བྱེད་ཀྱི་རས་ཤིག་བཟོ་བཞིན་ཡོད་པ་དེ་ནི་གནམ་གཤིས་དྭངས་དུས་དབྱེ་ནས་མཁའ་རླུང་རྙིང་འབུད་གསར་བརྗེས་དང་ཉི་འོད་ཕོག་ས་བྱེད་པ་དང་གནམ་གཤིས་གྲང་དུས་དང་ཆར་པ་འབབ་སྐབས་སོགས་ཁ་བརྒྱབ་ནས་ཁ་ཆར་འགོག་པ་དང་དྲོད་སྲུང་གི་ནུས་པ་ཐོན་པ་བྱེད་ཀྱི་ཡོད། ད་དུང་སྦྲ་གུར་སྟེང་གི་ཕྱོགས་བཞིའི་གུར་རྒྱུག་མཐུད་མཚམས་དང་གུར་རྒྱུག་གི་མཐའ་བཞི་བཅས་སུ་སྨི་བདུན་ནས་བཅུ་གྲངས་བར་ཡོད་པའི་གུར་ཐག་བརྒྱད་བསྒར་གྱི་ཡོད་པ་དེར་འབྲོག་པ་ཚོས་ཆོན་ཐག་ཅེས་ཟེར་གྱི་ཡོད་ལ་དེ་དག་ནི་འབྲི་གཡག་གི་རྩིད་སྐུད་དམ་འབྲེང་པས་བཟོས་པ་ཞིག་ཡིན་པས་ཧ་ཅང་སྤྱོད་ཤེད་ཆེན་པོ་ཡོད།

སྦྲ་གུར་གྱི་ཕྱོགས་བཞིའི་ལི་སྨི་གསུམ་བཞི་ཡི་མཚམས་སུ་གུར་ཐག་རེ་བསྒར་གྱི་ཡོད་པ་དག་ཕུར་པ་ཆུང་ངུ་རེར་བསྐོན་ནས་གུར་བརྟན་པོ་ཡོང་བ་བྱེད་བཞིན་ཡོད། གུར་སྒོ་ནི་གུར་གྱི་དཀྱིལ་དུ་འདོན་གྱི་ཡོད་ཅིང་། གུར་སྒོའི་གཡས་གཡོན་དུ་ཆེད་མངགས་ལྷུག་ཆ་འཇོག་གི་ཡོད་པའི་གཞོགས་གཅིག་ལྷུག་པོར་འཇོག་པ་དང་གཅིག་ཤོས་དེ་མི་འགྲོ་འོང་བྱེད་སྐབས་ལག་གཅིག་གིས་བཏེགས་ཙམ་བྱས་ནས་འགྲོ་དགོས་པ་དང་གནམ་གཤིས་ལེགས་པོ་ཡོད་སྐབས་ལྷུག་ཆ་དག་གཞོགས་གཅིག་ལ་ཟར་ནས་གུར་སྒོ་ཕྱེ་ནས་འཇོག་བཞིན་ཡོད། གུར་རྒྱག་སའི་ས་ཆ་འདེམས་སྐབས་རྩྭ་ཆུ་བཟང་བའི་རྨང་གཞིའི་ཐོག་རྒྱབ་རི་ལ་བཅོལ་བ་དང་། ས་ཆ་ཁོད་སྙོམས་པོ་དགོས་ལ། གུར་སྒོ་ཤར་ལ་བསྟན་པ་དང་ལྷ་རབ་བྱུང་ན་གུར་གྱི་མདུན་སམ་གཡས་གཡོན་གང་རུང་དུ་རྒྱུག་ཆུ་ཡོད་ན་ཡག་ཤོས་སུ་བརྩི་བ་ནི་རྒན་རབས་ཚོའི་ངག་རྒྱུན་དུ། ཤར་ཡངས་པ་དང་། ལྷོར་རི་འབུར་ཡོད་པ། ནུབ་སྲུང་ཡོལ་དང་འདྲ་བ། བྱང་ཞོལ་བ་བཅས་ཀྱི་ཆོས་ཉིད་དང་བསྟུན་པ་ཞིག་ཡིན།

    འཛམ་གླིང་ཐོག་གི་སྦྲ་གུར་ཆེ་ཤོས།

གུར་གྱི་སྐོར་ནས་བཤད་ན། གུར་གྱི་ཕ་ཡུལ་དུ་འབོད་པའི་བོད་བྱང་ཐང་གི་འདམ་གཞུང་རྫོང་དུ་འཛམ་གླིང་ཐོག་གི་སྦྲ་གུར་ཆེ་ཤོས་ཤིག་ཡོད་པ་དེ་ནི་རྡོ་འགྲམ་སོགས་ཀྱི་སོར་རྩེ་ལས་ཐོན་པ་ཞིག་ཡིན་པ་དང་ཁྱོན་མ་དངུལ་སྒོར་ཁྲི་600བཏང་ཞིང་། གུར་དེའི་རིང་ཚད་ལ་སྨི་45དང་། ཞེང་ཚད་ལ་སྨི་24 མཐོ་ཚད་ལ་སྨི་6 དེ་བཞིན་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་1080ཡོད་ལ་ཧ་ལམ་ས་ཁྱོན་མུའུ་2800ཙམ་ཟིན་པའི་གུར་དེ་ནི་མི་50ལྷག་ཙམ་གྱིས་ཉིན་13གྱི་དུས་ཚོད་སྤྱད་ན་གཞི་ནས་ཕུབ་ཐུབ་ཡོད། ད་ཆ་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་འཁོད་པའི་གྲགས་ཅན་གྱི་གུར་དེ་ནི་བོད་དུ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ངེས་པར་དུ་ཉམས་ཞིབ་བྱ་ཡུལ་ཞིག་ཏུ་གྱུར་བ་དང་སྦྲགས་རྒྱུན་འཛིན་པ་རྡོ་འགྲམ་ཡང་སྦྲ་གུར་མངགས་མཁན་རྫོགས་མཐའ་མེད་པའི་སྦྱིན་བདག་ཅིག་ཏུ་གྱུར་ཡོད། དེ་ཡང་སྦྲ་གུར་ནི་བོད་མི་རིགས་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། བོད་ཀྱི་ཁྱད་ཆོས་ཀྱིས་རབ་ཏུ་ཕྱུག་པའི་མི་རིགས་ལག་ཤེས་ཀྱི་དམིགས་བསལ་ཐོན་རྫས་ཤིག་ཡིན་ལ་ཞིབ་འཇུག་གི་རིན་ཐང་ལྷག་པར་ཆེ་བའི་དཔྱད་གཞི་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན།

ད་ཆ་བོད་ལྗོངས་ས་མཐོའི་ཐོག་ཆེ་ཆུང་དང་བཟོ་ལྟ་འདྲ་མིན་གྱི་གུར་སྣ་ཚོགས་ཡོད་ལ། མཛེས་རྒྱན་སྣ་ཚོགས་སྤྲས་ནས་མི་རྣམས་ཡིད་དབང་འཕྲོག་བཞིན་ཡོད། དེ་ལྟར་ཡིན་རུང་མཚོ་བོད་ས་མཐོའི་མི་རྣམས་ཀྱི་ཕ་ཁྱིམ་དུ་འབོད་དུ་རུང་བ་ནི་སྦྲ་གུར་རིག་གནས་དེ་རང་ཡིན། ད་དུང་ཕྱིས་སུ་གུར་ནག་པོ་ཙམ་མིན་པར་དཀར་པོ་དང་ཁྲ་ཁྲ་སོགས་ཡོད་ལ་རྒྱུ་ཆ་ཡང་ཏིར་པར་དང་། རས། ཉི་ལུང་སོགས་སྣ་ཚོགས་ཡོད་པ་མ་ཟད། གོས་ཆེན་གྱི་མཐའ་ཅག་གཏོང་མཁན་ཡོད་ལ་ད་དུང་གུར་གྱི་ཐོག་ཏུ་རི་མོ་སྣ་ཚོགས་དྲས་འཚེམ་བྱས་ནས་ཧ་ཅང་ལྟ་ན་སྡུག་པ་ཞིག་བཟོས་ཡོད། འོན་ཀྱང་ད་ཆ་ལྟ་ན་སྡུག་པའི་གུར་སྣ་ཚོགས་ཕུབ་ནས་གླིང་གཏོང་སྤྲོ་སྐྱིད་ལ་རོལ་མཁན་ཚོར་མཁོ་འདོན་བྱེད་པའི་གུར་དེ་དག་གི་རྒྱུ་ཆ་དང་། དོན་སྙིང་གང་ཅིའི་ཐད་བོད་མིའི་ཕ་ཁྱིམ་དུ་གྲགས་པའི་སྦྲ་ནག་དང་ངོ་བོ་ཉིད་ནས་འགྱུར་ལྡོག་བྱུང་བའི་དེང་རབས་ཀྱི་ཚོང་ཟོག་དཔལ་འབྱོར་ཁྲོམ་རའི་ཐོན་རྫས་དམིགས་བསལ་ཅན་ཞིག་ཡིན་ནོ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1