ཧྲི་མེན་རྫོང་ཤེར་ལོ་ཡུལ་ཚོའི་དམུ་རྒྱུད་སྡེ་བའི་གོས་སྐུའི་དུས་ཆེན་རགས་ཙམ་གླེང་པ།

གཡུང་དྲུང་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


གཅིག །ཡུལ་གྱི་བཀོད་པ།

དམུ་རྒྱུད་སྡེ་བ་ནི་ཧྲི་མེན་རྫོང་གི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་25མཚམས་ཏེ་རྒྱལ་མོ་རྔུལ་ཆུའི་རྒྱུད་ཀྱི་འཕྲེད་རྒྱུག་རི་བོའི་རི་གསེབ་དུ་གཞིས་ཆགས་ཡོད། དམུ་རྒྱུད་སྡེ་བར་མཉམ་ལས་གསུམ་ཡོད། དེ་ལས་མཉམ་ལས་གཉིས་པ་ནི་མཚོ་ངོས་ལས་སྨི་2000ཡས་མས་ཀྱི་རིའི་ཁ་སྟོད་དུ་ཁ་ལྷོ་ལ་ཕྱོགས་པའི་ས་ཁོད་ཡངས་ས་ཞིག་ཏུ་ཟླ་གམ་གྱི་དབྱིབས་ལྟར་ཆགས་ཡོད་པས་ཉི་འོད་ནི་ཤིན་ཏུ་འཛོམས། ཕྱོགས་བཞི་མུ་ཁྱུད་གངས་རིའི་བསྐོར་ཞིང་ནང་བཅུད་ནགས་ཀླུང་རབ་ཏུ་རྒྱས། སྡེ་བའི་ནང་དུ་གང་སར་རྩེ་མོ་དགུང་ལ་སྙེག་པའི་སྡོང་རྒན་དག་མཐོང་ཐུབ་ལ་འདབ་ཆགས་སྣ་ཚོགས་ཀྱི་སྐད་སྙན་ཡང་གང་སར་ཐོས་ཐུབ། དེ་ནི་དུད་ཁྱིམ་56དང་མི་གྲངས་215ལྷག་འདུག་པའི་བོད་མིའི་སྡེ་བ་ཞིག་ཡིན། སྡོད་ཁང་དག་ནི་བོད་ཀྱི་སྲོལ་རྒྱུན་བཟོ་ལུགས་ལྟར་བརྩིགས་པའི་རྡོ་ཁང་ཡིན། 

གཉིས། བྱུང་རབས་ཡོང་ཁུངས། 

ཡོང་ཁུངས་ལ་བཤད་སྲོལ་གཉིས་ཏེ་གཅིག་ནི་ཤར་རྒྱལ་མོ་ཚ་བ་རོང་དང་ཅིག་ཤོས་ནི་མི་ཉག་ཡུལ་ཡིན་པར་བཤད། སྔ་མར་གསལ་ཁ་མི་འདུག ཕྱི་མའི་ལུགས་སུ་ཁོ་ཚོ་ནི་མི་ཉག་ཡུལ་གྱི་བོད་པ་ཡིན་ཏེ་མིང་རྒྱལ་རབས་ཀྱི་དུས་མཇུག་ཙམ་ལ་མི་ཉག་ཡུལ་ཏེ་དེང་གི་དར་རྩེ་མདོའི་ཕྱོགས་ནས་ཆད་དེ་ཡུལ་འདིར་གནས་སྡོད་བྱས་པར་གསུང་། ཡབ་མེས་དག་གནས་འདིར་འོང་དུས་རུས་མཛོད་དཔེ་ཆ་ཞིག་ཡོད་པ་དེ་སྟོད་སྨད་གཉིས་སུ་བྱས་ནས་ཕྱེད་ཀ་ཡུལ་འདིར་ཁྱེར་ཡོང་མོད་ཡིད་སྐྱོ་བ་ཞིག་ལ་དཔེ་ཆ་དེ་རིག་གསར་སྐབས་སུ་མེར་བསྲེགས་པར་གསུང་། གྲོང་མིང་ཡང་མི་ཉག་ཡུལ་ནས་ཆད་ཡོང་པའི་མི་རྒྱུད་ཡིན་པས་མི་རྒྱུད་ཞེས་སུ་གྲགས་པར་བཤད། དེ་མིན་ཁོ་ཚོར་དམུ་སྒ་འབྲུ་སྦྲ་ལྡོང་བསེ་བཅས་རུས་རྒྱུད་འདེད་སྲོལ་ཡོད་ཚུལ་རྒན་པ་དག་གིས་གསུངས། གུས་པས་གྲོང་མིང་ལ་དམུ་རྒྱུད་སྤྱོད་དགོས་པའི་རྒྱུ་མཚན་ཡང་ཁོ་ཚོས་རང་གི་རུས་རྒྱུད་ཀྱི་ཁོངས་གཏོགས་དེ་གཙོ་བོར་འཛིན་པར་འདུག་པ་དེར་དམིགས་ནས་ཁོ་ཚོ་ནི་རུས་དམུ་ལས་ཆད་པའི་རྒྱུད་ཅིག་ཡིན་པར་སྙམ་མོ། །

བཞི། ཡུལ་སྲོལ་དད་མོས་དང་ཁྱད་ཆོས། 

གྲོང་པའི་མི་སེར་མང་ཤོས་ཀྱིས་བོན་བསྟན་ལ་དད་མོས་བྱེད་ལ། དེར་ཆོ་ག་ལག་ལེན་བྱེད་མཁན་གྱི་ཨ་མཆོད་གཉིས་ཀྱང་བཞུགས། བོད་ཡིག་ཀློག་ཤེས་མཁན་ཀྱང་ཁོང་གཉིས་ལས་མེད། ཡུལ་ལུང་འདིར་སྲོལ་རྒྱུན་གྱི་སྐུད་པ་འཁེལ་སྟངས་དང་ཚེམ་དྲུབ་ལག་རྩལ་སོགས་མ་ཉམས་པར་རྒྱུན་འཛིན་ཅུང་ལེགས་པོ་བྱས་འདུག །ཡུལ་འདིར་རྒན་པ་ཚེ་འདས་ལ་དུར་སྤས་བྱེད་པ་ལས་གཞན་དག་ནི་ཞུགས་འབུལ་བྱེད་པར་གསུངས། གྲོང་པ་འདིར་དུས་ཆེན་གཉིས་ཡོད་དེ། གཅིག་ནི་གོས་སྐུ་བཤམས་པའི་དུས་ཆེན། ལོ་རེའི་ལུགས་རྙིང་གི་ཟླ་11པའི་ཚེས་15ཉིན། གཅིག་ཤོས་ནི་ཀོའུ་ཆས་མུའུ་དུས་ཆེན་(སྐུ་གཤེན་ཞེས་པའི་སྒྲ་ཨེ་ཡིན་བསམ།)ཏེ་ལོ་རེའི་ལུགས་རྙིང་གི་ཟླ10པའི་ཚེས་27ནས་ཟླ་11པའི་ཚེས་2བར་ཡིན།

ལྔ། གོས་སྐུ་བཤམས་པའི་དུས་ཆེན།

1.གོས་སྐུ་བཤམས་པའི་བརྒྱུད་རིམ་ངོ་སྤྲོད།

དམུ་རྒྱུད་སྡེ་བར་གོས་སྐུ་ཆེན་པོ་གཉིས་བཞུགས། ནམ་རྒྱུན་དུད་ཁྱིམ་གཉིས་ཀྱི་རང་རང་སར་བདག་གཉེར་བྱེད་བཞིན་ཡོད། སྔ་དྲོའི་ཆུ་ཚོད་བཅུ་ཡས་མས་སུ་ཨ་མཆོད་གཉིས་ཀྱིས་ཐང་ག་ཉར་ཚགས་གནང་སའི་དུད་ཁྱིམ་གཅིག་ན་བསྐང་འདོན་རྔ་རྡུང་དར་འཕྱར་བྱས་ནས་ཆོ་ག་སྒྲུབ་བཞིན་མཆིས། ཐང་ཀ་ནི་དུད་ཁྱིམ་དེའི་སུམ་ཐོག་ན་བཞུགས། དེར་ད་དུང་མགོ་ལ་ཝ་ཞྭ་གྱོན་ཞིང་ལུས་ལ་སློག་པ་གྱོན་པ། རྗེ་ངར་གཉིས་སོ་སོར་ཐི་གུས་བཅིངས་པའི་བགྲེས་པོ་ཞིག་འདུག་སྟེ་ཁོང་ནི་གོས་སྐུ་འདྲེན་དུས་ཀྱི་ལམ་སྣ་འདྲེན་མཁན་ཡིན་པར་བཤད། དེ་མིན་བོད་ལྭ་གྱོན་པའི་བགྲེས་པོ་ཞིག་ཀྱང་ཡོད་དེ་དེས་ལག་ཏུ་དགོ་རྭ་ཞིག་ཐོགས་ནས་ཨ་མཆོད་གཉིས་ཀྱི་གམ་དུ་བསྡད་འདུག བསྐང་འདོན་རྔ་རྡུང་གི་དབྱངས་རྟ་དང་བསྟུན་ནས་དགོ་རྭ་དེ་ཕར་གཡུག་ཚུར་གཡུག་བྱེད་བཞིན་ཆོ་གའི་ལས་ལ་ཞུགས་བཞིན་མཆིས། ཡུལ་མི་ཁ་ཤས་ཤིག་ཀྱང་དེར་འདུས་ནས་མཆོད་འབུལ་ཕྱག་འཚལ་བྱས། ཁོ་ཚོས་ས་ལས་བཟོས་པའི་རྐོང་བུ་ལྟ་བུའི་སྣོད་དུ་རྩམ་པ་དང་གོ་རེ་སོགས་གཏོར་ནས་བསང་བཏང་རྗེས་ཕྱི་རོལ་གྱི་གོས་སྐུ་བཤམས་སའི་ཡུལ་དེར་ཁྱེར་ནས་མཆོད་ཁྲིའི་སྟེང་དུ་འཇོག་བཞིན་མཆིས། ཆུ་ཚོད་བཅུ་དང་ཕྱེད་ཀ་ཡས་མས་སུ་ཨ་མཆོད་གཉིས་ཀྱི་དུང་ཆེན་གཉིས་ཐེངས་འགར་བུས་རྗེས་གཅིག་གིས་རྔ་རྡུང་བ་དང་གཅིག་གིས་དུང་ཆེན་བུས། དགོ་རྭ་ཐོགས་པའི་བགྲེས་པོ་དེའང་ཁོང་གཉིས་དང་ལྷན་དུ་ཁྱིམ་ནས་འཆམ་ལན་འགར་བརྒྱབ་རྗེས་འཆམ་ཞོར་དུ་ཐང་ཀ་ཅིག་ཤོས་བཞུགས་སའི་དུད་ཁྱིམ་དེའི་ཕྱོགས་སུ་སོང་། སྐབས་དེར་ཡུལ་མི་ཚོས་ཤོག་སྦག་བརྒྱག་པ་དང་ཀི་སྒྲ་སྒྲོག་པ། རྩམ་པ་གཏོར་བ་སོགས་བྱེད་སྒོ་སྣ་ཚོགས་ཀྱི་ཁྲོད་ནས་ཐང་ག་གདན་འདྲེན་བྱས་ནས་བཤམས་ཐང་གི་ཕྱོགས་སུ་ཆས། ཨ་མཆོད་གཅིག་གིས་རྔ་རྡུང་བཞིན་སྔོན་ནས་ལམ་སྣ་དྲངས། གོས་སྐུ་བཤམས་རྗེས་ཨ་མཆོད་གཉིས་དང་དགོ་རྭ་ཐོགས་པའི་བགྲེས་པོ་བཅས་ཀྱིས་སྔར་བཞིན་སྔགས་བཟློ་བཞིན་རྔ་རྡུང་། འཆམ་རྒྱག་ཞོར་གོས་ཐང་མདུན་གྱི་མཆོད་ཁྲི་ལ་བསྐོར་བ་བྱེད། སྐབས་དེར་ཡུལ་མི་རྣམས་ཀྱི་རང་རང་གི་བསང་གཏོང་བྱེད་ཀྱི་ས་རྐོང་དག་གོས་སྐུའི་འོག་ཏུ་ཕུལ། དེ་ནས་ཡུལ་མི་རྣམས་གོས་སྐུའི་རྒྱབ་དུ་སོང་ནས་སྤོས་སྒྲོན་པའི་ཆོ་ག་སྤེལ། གོས་སྐུ་བཤམས་རྗེས་ཆོ་ག་རིམ་པ་གཉིས་ཡོད་དེ་སྔོན་ལ་གཏང་རག་དང་རྗེས་སུ་སྨོན་ལམ་རྒྱག་རྒྱུ་དེ་གཉིས་ཡིན། གཏང་རག་བྱེད་མཁན་ནི་ཡུལ་མི་ཚང་མ་མ་ཡིན་པར་སྔར་ལོ་དང་ཡང་ན་ལོ་འགའ་ཤས་སྔོན་ལ་གོས་ཐང་མདུན་ནས་སྨོན་ལམ་བརྒྱབ་པ་དག་འགྲུབ་ཟིན་པའི་དད་ལྡན་དག་ཡིན། ཆོ་ག་དེ་སྒྲུབ་དུས་ཐོག་མར་རང་རང་གི་བྱའམ་ར་མ་དེ་ཨ་མཆོད་ཀྱི་ལག་ཏུ་འབུལ། དེ་ནས་ཨ་མཆོད་ཀྱིས་བྱ་སྒྲོའམ་ར་རྩིད་ཚོམ་བུ་རེ་བཏོགས་ནས་འདོན་པ་འདོན་ཞོར་གོས་སྐུའི་ངོས་སུ་སྒྲོ་དང་རྩིད་རྣམས་མཆོད། དེ་ནས་བདག་པོས་བྱ་ཕོ་དང་ར་མ་གོས་སྐུའི་རྒྱབ་དུ་ཁྲིད་དེ་སྐེ་བཅད་ནས་ཁྲག་དག་གོས་སྐུའི་རྒྱབ་ཀྱི་བྲག་ངོས་སུ་མཆོད། དེ་ནས་བྱ་ཕོ་དང་ར་མ་གང་ཡིན་རུང་དེའི་སྙིང་རྩེ་དང་མཆིན་པའི་ཆ་ཤས་ཙམ། མཁལ་མའི་ཆ་ཤས་ཙམ་བླངས་ནས་བསང་མགོར་འཇོག་སྲོལ་འདུག གཏང་རག་གི་རྫས་ལ་ཁྱེར་འོང་བ་མང་ཤོས་ནི་བྱ་ཕོ་རེད། གོང་སྨྲས་ཀྱི་རྫས་དག་ཕུལ་རྗེས་ཤ་ལྷག་མ་རྣམས་རང་ཡུལ་དུ་ཁྱེར་ཆོག་པར་གསུང་། དེ་ནི་ལྷའི་ཟས་ལྷག་ལྟ་བུ་ཞིག་ལ་ངོས་འཛིན་བཞིན་ཡོད་པ་འདྲ། དེ་ནས་སྨོན་ལམ་གྱི་ཆོ་གའི་འགོ་བརྩམས། སྨོན་མཁན་གྱིས་ཨ་མཆོད་ལ་དངུལ་གྱི་འབུལ་བ་ཕུལ་རྗེས་གོས་སྐུའི་མདུན་ནས་པུས་མོ་ས་ལ་བཙུགས་ནས་ཕྱག་འཚལ་ཏེ་སྨོན་ལམ་རྒྱག་སྲོལ་འདུག །

2.གོས་སྐུའི་ངོ་སྤྲོད།

གོས་སྐུ་འདི་གཉིས་ལ་ལོ་ངོ་ལྔ་བརྒྱའི་ཡན་གྱི་ལོ་རྒྱུས་ཡོད་པར་གསུང་ནའང་བྲིས་ལུགས་དང་ཚོན་མདངས་སོགས་ལས་དཔག་ན་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལས་མེད་པར་སྙམ། གོས་སྐུའི་མཐོ་ཚད་ལ་སྨི་ལྔ་ལྷག་དང་ཞེང་ལ་སྨི་གསུམ་ཙམ་ཡོད། གོས་སྐུ་གཉིས་ཀྱི་ཆེ་ཆུང་ཆ་འདྲ་བར་འདུག །ཨ་མཆོད་ཀྱིས་གོས་སྐུ་གཉིས་ལས་གཅིག་ནི་སྟོན་པ་གཤེན་རབ་མི་བོ་ཆེའི་ཞལ་ཐང་དང་ཅིག་ཤོས་ནི་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཞལ་ཐང་ཡིན་པར་གསུང་། ཐང་ག་གཉིས་ལས་གཅིག་ལ་བདག་གཉེར་བྱས་པ་ཅུང་ལེགས་པས་ཞིང་བཀོད་ཀྱི་མི་སྣ་རྣམས་ཅུང་གསལ་བོར་མཇལ་ཐུབ། དེའི་སྟེང་དུ་གཙོ་སྐུ་དང་བཅས་སྐུ་གཟུགས་ཉེར་བརྒྱད་བཞུགས། དབུས་གྱི་གཙོ་སྐུའི་བཟོ་ལུགས་ནི་སྟོན་པ་ཤཱཀྱ་ཐུབ་པའི་བཟོ་ལུགས་དང་ཧ་ཅང་ཆ་འདྲ་བས་དེ་གཉིས་ལས་གང་ཡིན་ད་དུང་ཁ་ཚོན་གཅོད་དཀའ། ཐང་ཀའི་སྟོད་ཕྱོགས་དུ་དྲེག་དང་ཐིགས་ཆུས་ཟས་ནས་མཐོང་དཀའ་བར་གྱུར་འདུག གཙོ་སྐུའི་གཡས་གཡོན་གཉིས་སུ་སྐུ་འཁོར་ཆེ་ཙམ་གཉིས་བཞུགས། དེ་གཉིས་ཀྱི་སྟེང་ཕྱོགས་སུ་སྐུ་བརྙན་དྲུག་རེའི་ཆ་བསྒྲིགས་ནས་བྲིས་འདུག །གཙོ་སྐུའི་འོག་ཏུ་རིགས་ལྔའི་དབུ་ཞྭ་གྱོན་ཞིང་སྐུ་ལ་གཟན་མནབས་པའི་མི་སྣ་བདུན་བཞུགས་ལ་དེའི་དཀྱིལ་དབུས་ཀྱི་སྐུ་དེ་གཞན་དྲུག་ལས་ཅུང་ཆེ་བར་སྣང་། དེ་མིན་ཆུང་བ་དྲུག་གིས་ཞལ་ངོ་ནི་དབུས་ཀྱི་ཆེ་བ་དེར་ཆོས་གསན་པའི་ཚུལ་དུ་བཀོད་འདུག ཆུང་བ་དྲུག་གི་འོག་ཏུ་བོད་ཡིག་གི་ཞབས་མཆན་བྲིས་ཡོད་ནའང་སུབ་ནས་ངོས་འཛིན་བྱེད་དཀའ་བར་གནས། དེའི་འོག་ཏུ་ཡི་དམ་ཆོས་སྐྱོང་སྲུང་མའི་ཆ་ལུགས་དང་འདྲ་བའི་སྐུ་བརྙན་བདུན་བཞུགས། མཐའ་གཉིས་ནི་གཟིག་གདན་སྟེང་བཞུགས་པའི་སྐུ་བརྙན་གཉིས་ཡིན། གཡས་ཞལ་དམར་དང་གཡོན་ཞལ་མཐིང་ནག་ཞིག་འདུག དེའི་ནང་དབུས་ཀྱི་མཐའ་གཉིས་ནི་སྟག་གདན་སྟེང་བཞུགས་པའི་སྐུ་གཉིས་ཡིན་ལ་གཡས་རྒྱལ་པོ་ཆ་ལུགས་འཛིན་པ་ཞིག་དང་གཡོན་དམག་དཔོན་གྱི་ཆ་ལུགས་འཛིན་པ་ཞིག་གནས། དཀྱིལ་དབུས་ཀྱི་སྐུ་བརྙན་གསུམ་ནི་གཡས་ནས་གཡོན་དུ་རིམ་བཞིན་དྲེལ་དམར་ཞལ་དམར་ཅན། དྲེལ་ནག་ཞལ་ནག་ཅན། དྲེལ་མཐིང་ཞལ་མཐིང་ཅན་བཅས་ཡིན་ནོ། །གོས་སྐུའི་རྒྱབ་ཏུ་བསུབ་ནས་ངོས་འཛིན་བྱེད་དཀའ་བའི་བོད་ཡིག་དབུ་མེད་ཀྱི་ཚིག་རྐང་འགའ་མཆིས། 

གོས་སྐུ་ཅིག་ཤོས་ནི་བདག་གཉེར་ལེགས་པོ་བྱས་མེད་ཕྱིར་ཚོན་རྣམས་སུབ་ནས་ངོས་འཛིན་བྱེད་དཀའ་བར་སྣང་། ཡིན་ནའང་རྒྱང་ནས་ཞིབ་པར་གཟིགས་ན་ཞིང་བཀོད་ནི་གོས་སྐུ་ཅིག་ཤོས་དེ་དང་ཆ་འདྲ་བར་འདུག མཐོང་ཆོས་སུ་གྱུར་བ་ལས་མི་འདྲ་ས་ནི་ཞབས་ཀྱི་སྟར་ཕྲེང་དེའི་གཟིག་གདན་སྟག་གདན་སྟེང་གི་སྐུ་བརྙན་རྣམས་བཞེངས་འདུག་པ་དེ་ཡིན། དེ་ལས་གཞན་གྱི་ཁྱད་པར་ད་དུང་ཡོད་སྲིད་མོད་གསལ་བོར་མཐོང་ཐབས་བྲལ། དེ་མིན་གོས་སྐུ་འདིའི་རྒྱབ་ངོས་སུ་སམ་བོད་ཤན་སྦྱར་གྱི་སྔགས་ཡིག་དང་སྤྱིན་བདག་སོགས་དབུ་ཅན་གྱི་བྲིས་འདུག ཡི་གེ་ཁ་ཤས་བསུབ་ཚར་བས་ངོས་འཛིན་བྱེད་དཀའ།

མཇུག་གི་གཏམ། 

ཐེངས་འདིའི་ཡུལ་དངོས་རྟོག་དཔྱོད་ཀྱི་དུས་ཡུན་ཐུང་ནའང་རང་ཉིད་ལ་བློ་དཀྱེལ་ཆེན་པོ་ཐོབ། གཅིག་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་འདི་ཉིད་ཆབ་སྲིད་ཀྱི་དགོས་དབང་གིས་ཡུལ་དབུས་སུ་གནས་མ་ཐུབ་པར་བས་མཐའི་ཡུལ་གྲུ་འདི་དག་ན་ད་དུང་གནའ་དྲི་མ་ཡལ་བར་གནས་ཐུབ་པར་སེམས་དགའ་བོ་བྱུང་གཉིས་ནི་བོད་ཀྱི་བས་མཐའི་ཡུལ་གྲུ་འདི་རུ་ཆད་ལ་ཉེ་བས་བོད་ཀྱི་རིག་གནས་དང་སྐད་ཡིག་གི་རྒྱུན་སྐྱོང་རྒྱུ་ནི་ཐང་ཀ་འདི་གཉིས་ལ་བདག་གཉེར་བྱེད་རྒྱུ་ལས་ཀྱང་གལ་ཆེ་བར་བསམ། གསུམ་ནི་འབྲེལ་ཡོད་ཡིག་ཚང་ལ་ཁུངས་གཏུག་ནས་ཅི་ནུས་ཀྱིས་གོས་སྐུའི་སྟེང་གི་སྐུ་དང་ཡི་གེ་དག་ངོས་འཛིན་བྱས་པ་བརྒྱུད་ཡུལ་སྲོལ་འདི་ལ་རིག་གནས་ཀྱི་ཀ་རྡོ་བརྟན་པོ་ཞིག་སྐྲུན་པར་འབད་རྒྱུ་དེ་ཡིན། 

(རྩོམ་འདི་ནི་རྔ་བ་དགེ་འོས་སློབ་ཆེན་གྱི་2017ལོའི་སློབ་གྲྭ་རིམ་པའི་ཞིབ་འཇུག་ལས་གཞི ASC17-07ཡི་དཔྱད་འབྲས་ཡིན།) 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1