མི་ཉག་མགར་ཐར་གནའ་མཁར་རིག་གནས་ཡུལ་སྐོར་འཆར་འགོད་ཆེད་རམས་པའི་དཔྱོད་ཞིབ་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས།

ཏིང་འཛིན་བཀྲ་ཤིས། རྩོམ་སྒྲིག་པ། ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-28



 

མི་ཉག་མགར་ཐར་གནའ་མཁར་རིག་གནས་ཡུལ་སྐོར་འཆར་འགོད་ཆེད་རམས་པའི་དཔྱད་ཞིབ་ཚོགས་འདུ་ཡི་ཡུལ་དངོས།

         སྤྱི་ཟླ་4པའི་ཚེས་26ཉིན། མི་ཉག་མགར་ཐར་གནའ་མཁར་ཡུལ་སྐོར་རིག་གནས་འཆར་འགོད་ཆེད་རམས་པའི་དཔྱོད་ཞིབ་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས་ཤིང་། དཀར་མཛེས་ཁུལ་རྟའུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སུན་ཀྲུང་ཡུན་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་།  དཀར་མཛེས་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་གཞོན་པ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མི་ཉག་མགར་ཐར་དགོན་པའི་སྤྲུལ་སྐུ་སྐུ་བཅར་ཡོན་ཏན་རྒྱ་མཚོ། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། གངས་ལྗོངས་ཉི་གཞོན་ཕྱོགས་ཡོངས་འཕྲིན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་དཀོན་མཆོག་རྡོ་རྗེ་དང་། དཀར་མཛེས་ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱམས་པ་ཡེ་ཤེས། རྟའུ་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་དབྱངས་ཅན་ལྷ་མོ་དང་། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཐུབ་བསྟན་ཕུན་ཚོགས་དང་སྡེ་རོང་ཚེ་རིང་དོན་གྲུབ། དཔལ་ལྡན་ཉི་མ། ཚེ་རིང་འགྱུར་མེད། དཀོན་མཆོག་བསྟན་འཛིན། གཡུང་དྲུང་ལྷ་མོ། རེན་ཞིན་ཅན། ལིའུ་ཁེ་པཱང་། ལུའུ་ཡུང་། གུང་པེ་ཞིན། ཡོན་ཞའོ་ཝུན། འོད་ཟེར། ཀྲུང་ཅིན་ཡུལ་སྐོར་མཉམ་འབྲེལ་ཇུས་འགོད་སྤྱི་གཉེར་ཁང་དང་མའེ་ཀའོ་ཡུལ་སྐོར་ཇུས་འགོད་སྤྱི་གཉེར་ཁང་གི་ཇུས་འགོད་པ་སོགས་འབྲེལ་ཡོད་ཆེད་མཁས་པ་དང་འགོ་ཁྲིད་མི་སྣ་16ལྷག་ཚོགས་འདུར་ཞུགས།

           མི་ཉག་མགར་ཐར་ཞེས་པའི་ཡུལ་འདི་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་དཔའ་མཛངས་གཉིས་ལྡན་གྱི་བློན་ཆེན་མགར་སྟོང་བཙན་གྱི་ཕ་ས་ཡིན་པར་གྲགས་ཤིང་། གནའ་སྔ་མོ་ནས་མགར་ཞེས་པ་དེ་ཡུལ་ལུང་འདིའི་མིང་གི་མགོར་གྲུབ་ཡོད། གནས་འདི་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་མི་ཉག་རིག་གནས་ཕུན་སུམ་ཚོགས་པ་ཡོད་ལ་རྒྱལ་དབང་སྐུ་ཕྲེང་བདུན་པའི་བཞུགས་གནས་དང་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་ཡུལ་ཡང་ཡིན། གནས་འདིའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་རིག་གནས་གང་གི་ཐད་ནས་ཀྱང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན། དེ་ཡང་མི་ཉག་མགར་ཐར་གནའ་མཁར་ནི་སྤུར་རྒྱལ་བཙན་པོའི་དུས་སྐབས་ནས་དམག་དོན་རང་བཞིན་ལྡན་པའི་མཁར་རྫོང་གྲགས་ཅན་ཞིག་ཡིན་པ་ལོ་རྒྱུས་ཡིག་ཆ་དང་གནའ་ཤུལ་རིག་དངོས་གང་གི་ཐད་ནས་ཀྱང་གསལ་ཁ་ལྡན་པ་ཞིག་རེད།

 

མི་ཉག་མགར་ཐར་གནའ་མཁར་རིག་གནས་ཡུལ་སྐོར་འཆར་འགོད་ཆེད་རམས་པའི་དཔྱད་ཞིབ་ཚོགས་འདུ་ཡི་ཡུལ་དངོས།

            ཐེངས་འདིའི་གྲོས་ཞིབ་ཚོགས་འདུའི་སྟེང་དུ་རིམ་པ་དང་པོར་རྟའུ་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་དབྱངས་ཅན་ལྷ་མོ་ཡིས་མི་ཉག་མགར་ཐར་གནའ་མཁར་བཞི་Aརིམ་པའི་ཡུལ་སྐོར་མཛེས་ཁུལ་དུ་འཛུགས་སྐྲུན་བྱ་བའི་ཐད་ནས་ངོ་སྤྲོད་རགས་བསྡུས་ཤིག་བྱས་ཤིང་། མི་ཉག་མགར་ཐར་གནའ་མཁར་དེ་ཕྱིའི་རྣམ་པ་ཙམ་མ་ཡིན་པར་ནང་རིག་གནས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཡུལ་སྐོར་མཛེས་ཁུལ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཤད། རིམ་པ་གཉིས་པར་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གངས་ལྗོངས་ཉི་གཞོན་བོད་ཡིག་དུས་དེབ་ཁང་གི་ཀྲུའུ་རེན། གངས་ལྗོངས་ཉི་གཞོན་ཕྱོགས་ཡོངས་འཕྲིན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་ལག་རོགས་པ་འོད་ཟེར་གྱིས་པར་རིས་ས་བཀྲ་དང་སྦྲགས་ནས་ད་ལྟའི་མགར་ཐར་གནའ་མཁར་གཙོས། མགར་སྟོང་བཙན་གྱི་ཕ་ས། མགར་ཐར་དགོན་དང་མགར་ཐར་དགོན་པའི་འཆམ། ཟློས་གར། མི་ཉག་རྒྱལ་པོ། མི་ཉག་རྟ་རྒྱུགས། རྒྱལ་དབང་སྐུ་ཕྲེང་བདུན་པའི་བཞུགས་གནས། རྒྱལ་དབང་བཅུ་གཅིག་པའི་འཁྲུངས་ཡུལ། མགར་ལུང་། ཇིང་གིར་རྒྱལ་པོའི་བང་སོ་སོགས་མི་ཉག་རིག་གནས་དང་འབྲེལ་ཞིང་ས་གནས་རིག་གནས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་དམངས་སྲོལ་དང་གནའ་ཤུལ་སོགས་ཀྱི་ཐད་ནས་གསལ་བཤད་རགས་བསྡུས་ཤིག་བྱས། རིམ་པ་གསུམ་པར། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་གཞོན་པ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མགར་ཐར་དགོན་པའི་སྤྲུལ་སྐུ་སྐུ་བཅར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་མགར་གྱི་ཁྱིམ་རྒྱུད་དང་འབྲེལ་ནས་མགར་ཐར་ཡུལ་གྱི་ལོ་རྒྱུས་དང་མི་ཉག་རིག་གནས། མགར་སྟོང་བཙན་གྱི་ཕ་ས་བཅས་ཀྱི་ཕྱོགས་ནས་གསུང་བཤད་གནང་།

 

མི་ཉག་མགར་ཐར་གནའ་མཁར་རིག་གནས་ཡུལ་སྐོར་འཆར་འགོད་ཆེད་རམས་པའི་དཔྱད་ཞིབ་ཚོགས་འདུ་ཡི་ཡུལ་དངོས།

          རིམ་པ་བཞི་པར་ཀྲུང་ཅིན་ཡུལ་སྐོར་མཉམ་འབྲེལ་ཇུས་འགོད་སྤྱི་གཉེར་ཁང་དང་མའེ་ཀའོ་ཡུལ་སྐོར་ཇུས་འགོད་སྤྱི་གཉེར་ཁང་གི་ཇུས་འགོད་པ་སོ་སོས་མི་ཉག་མགར་ཐར་གནའ་གྲོང་གི་ཇུས་འགོད་དཔེ་རིས་ཀྱི་ཐོག་ནས་ཡུལ་སྐོར་མཛེས་ཁུལ་གྱི་འཛུགས་སྐྲུན་བཟོ་བཀོད་ཐད་ཅུང་ཕྲ་ཞིང་ཞིབ་པའི་གསལ་བཤད་བྱས་ཏེ། ཆེད་རམས་པ་དག་གི་དགོངས་འཆར་སྩོལ་བའི་རེ་བ་ཞུས། རིམ་པ་ལྔ་པར་ཆེད་མཁས་པ་དག་གིས་མི་ཉག་མགར་ཐར་གནའ་གྲོང་ཡུལ་སྐོར་རིག་གནས་འཆར་འགོད་བྱ་བའི་ཐད་ནས་རང་རང་གི་བསམ་ཚུལ་བཏོན་ཡོད་དེ། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས། མི་ཉག་མགར་ཐར་གནའ་གྲོང་ནི་བོད་ཀྱི་ལོ་རྒྱུས་ཐོག་ཤིན་ཏུ་གལ་ཆེ་བའི་གནའ་གྲོང་ཞིག་ཡིན་ཏེ། མི་ཉག་རིག་གནས་ཀྱི་ལྟེ་གནས་དང་། མགར་སྟོང་བཙན་གྱི་ཕ་ས། ཡོན་རྒྱལ་རབས་སྐབས་ཀྱི་དམག་མཁར། རྒྱལ་དབང་སྐུ་ཕྲེང་བདུན་པའི་བཞུགས་གནས་བཅས་ཡིན་པས། ཕྱོགས་འདི་བཞི་པོ་གཙོར་བཟུང་ནས་མགར་ཐར་ཡུལ་སྐོར་རིག་གནས་འཛུགས་སྐྲུན་བྱས་ན། བོད་ཀྱི་རིག་གནས་ལོ་རྒྱུས་ཐད་དོན་སྙིང་ལྡན་པར་མ་ཟད། ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཐད་དུའང་ཁེ་ཕན་འདུག་ཅེས་གསུངས། དེ་བཞིན་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཐུབ་བསྟན་ཚོགས་ཀྱིས། མི་ཉག་མགར་ཐར་གནའ་གྲོང་དེ་བློན་པོ་མགར་གྱི་ཕ་ས་དང་མི་ཉག་རུ་ཡོང་བཟའ། སྔོན་བྱོན་མཁས་པའི་འབྱུང་གནས་བཅས་ཕྱོགས་གསུམ་ནས་མི་ཉག་རིག་གནས་ཀྱི་གནའ་སྲོལ་མ་ཉམས་པར་འཛུགས་སྐྲུན་བྱེད་ན་ལེགས་པའི་དགོངས་འཆར་བཏོན།

 

མི་ཉག་མགར་ཐར་གནའ་མཁར་རིག་གནས་ཡུལ་སྐོར་འཆར་འགོད་ཆེད་རམས་པའི་དཔྱད་ཞིབ་ཚོགས་འདུ་ཡི་ཡུལ་དངོས།

           གངས་ལྗོངས་ཉི་གཞོན་ཕྱོགས་ཡོངས་འཕྲིན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་དཀོན་མཆོག་རྡོ་རྗེ་ལགས་ཀྱིས། མགར་ཐར་གནའ་མཁར་གྱི་མིང་དང་དང་ཡུལ་སྐོར་འཛུགས་སྐྲུན་གྱི་ཁ་ཕྱོགས་གཏན་ཁེལ་བྱ་བ། ཡུལ་སྐོར་གྱི་མིང་རྟགས་འཛུགས་པ། དེ་བཞིན་མི་ཉག་རུ་ཡོང་བཟའ་ཡི་ལོ་རྒྱུས་དང་། ཇིང་གིར་རྒྱལ་པོའི་བང་སོ་མགར་ཐར་ཡུལ་དུ་ཡོད་པ། དགོན་པའི་འཛུགས་སྐྲུན་དང་ཆོས་ལུགས་རིག་གནས་འཛུགས་སྐྲུན་ཐད་ཤུགས་སྣོན་བྱ་དགོས་ལ། གནའ་མཁར་གྱི་བཟོ་བཀོད་དག་གནའ་སྲོལ་བཞིན་བྱུང་ན་ལེགས་པ་སོགས་ཀྱི་སྐོར་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་མ་འོངས་པར་མི་ཉག་རིག་གནས་འགྲེམ་སྟོན་ཁང་ཞིག་འཛུགས་ཐུབ་ན་ལེགས་པར་གསུངས། ཚེ་རིང་འགྱུར་མེད་ལགས་ཀྱིས། ཡུལ་སྐོར་རིག་གནས་འཛུགས་སྐྲུན་བྱ་བར། ཆབ་སྲིད་ཀྱི་ཁེ་ཕན་དང་དཔལ་འབྱོར་གྱི་ཁེ་ཕན་སོ་སོ་དབྱེ་འབྱེད་གཙང་མར་བྱ་དགོས་པ་ལས། དེ་གཉིས་བར་གྱི་འབྲེལ་བ་གསལ་པོར་མ་ཆགས་ཚེ་མཇུག་འབྲས་གཉིས་ཕུང་ཡིན་པ་དང་། ཡུལ་སྐོར་འཛུགས་སྐྲུན་བྱ་བར་ས་གནས་རང་གི་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཁྱད་ཆོས་གཙོར་འཛིན་ཐུབ་ན། ད་གཟོད་ཡུལ་སྐོར་བ་མང་པོ་འགུག་ཐུབ་ཅེས་བསྟན། ཆེད་མཁས་པ་གཡུང་དྲུང་མཚོ་མོ་ལགས་ཀྱིས། ཡུལ་སྐོར་འཛུགས་སྐྲུན་བྱ་རྒྱུའི་ཐད། ངེས་པར་ས་གནས་ཡུལ་མི་ཚོ་ཟབ་ཞུགས་བྱ་རྒྱུ་དང་། ས་གནས་མང་ཚོགས་ལ་མཉམ་འབྲེལ་བྱ་དགོས། དེ་བཞིན་ཡུལ་སྐོར་ལམ་ཡིག་དང་ངོ་སྤྲོད་བྱང་བུ་སོགས་ཀྱི་ཐོག་ངེས་པར་བོད་ཡིག་བེད་སྤྱོད་བྱ་དགོས་པ་དང་། དེའི་ཐོག་རྒྱ་ཡིག་དང་དབྱིན་ཡིག་བཅས་ཡིག་རིགས་གསུམ་ཚང་ན་ཤིན་ཏུ་ལེགས་པའི་བསམ་ཚུལ་བཏོན་པ་སོགས་ཆེད་མཁས་པ་ཚང་མས་རང་རང་གི་དགོངས་ཚུལ་ལྷུག་བརྗོད་གནང་།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1