རོང་བྲག་རྫོང་གིས་ཡུལ་སྡེའི་ཁྱད་ཆོས་གནས་ཚང་ལས་རིགས་གཉེར་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་བསླངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-28


        ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས་གནའ་བོའི་མཁར་རྫོང་དང་བོད་གྲོང་། མཛེས་མའི་ལུང་པ་སྟེ་ཀྲུང་གོའི་ཆེས་མཛེས་པའི་གྲོང་སྡེ་ཞེས་པའི་སྤུས་རྟགས་གཙོ་བོ་དང་། རྫོང་གཅིག་དང་ཁུལ་གསུམ་སྐྲུན་པ་དེ་ལས་ཀའི་གོ་སྐབས་སུ་བྱས་ནས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་ཡུལ་སྡེ་དར་རྒྱས་གཏོང་བ་དམ་དུ་བཟུང་ནས་གྲོང་སྡེའི་ཡུལ་སྐོར་དང་ལྷག་དོན་དུ་གནས་ཚང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་། ཡུལ་ཤོག་དང་གྲོང་སྡེའི་གནས་ཚང་གཞན་སྒྱུར་རིམ་སྤོར་བྱས་ཤིང་གྲོང་སྡེ་རིག་གནས་ཡུལ་སྐོར་གྱི་ནང་དོན་རྒྱུན་ཆད་མེད་པར་ལེགས་སུ་བཏང་། ཁྲོམ་རའི་ངོས་འཛིན་རྒྱུས་ལོན་བྱེད་ཚད་ཉིན་བཞིན་མཐོ་རུ་ཕྱིན་པ་དང་ཡུལ་སྐོར་མྱོང་རོལ་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན། ཡུལ་སྐོར་ཐོན་ལས་ནི་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་སྲོག་སྙིང་ཐོན་ལས་དང་ཡུལ་སྡེ་དར་རྒྱས་ཀྱི་རེ་བའི་ཐོན་ལས། མང་ཚོགས་ཕྱུག་བསྒྱུར་གྱི་འོད་སྣང་ཐོན་ལས་བཅས་སུ་གྱུར་ཟིན་པ་རེད།

ཏང་སྲིད་གཅིག་སྒྲིལ་གྱིས་དོ་དམ་མཉམ་འཛིན་བྱས།

        རོང་བྲག་རྫོང་གིས་གྲོང་སྡེའི་ཡུལ་སྐོར་གོང་འཕེལ་གཏོང་བར་མཐོང་ཆེན་བྱས་ནས་གྲོང་སྡེའི་ཡུལ་སྐོར་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས། མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་བཅས་ནས་རྒྱབ་སྐྱོར་ཤུགས་ཆེན་དང་ལྟ་སྐྱོང་བྱས་པར་མ་ཟད། ཏང་སྲིད་ཀྱི་མགོ་ཁྲིད་མཐོ་ཤོས་ཀྱིས་ཚོ་དཔོན་གྱི་འགན་ཟུང་འཁུར་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལས་དོན་གྱི་འགོ་ཁྲིད་ལམ་སྲོལ་བཙུགས་པ་དང་། ལོ་ལྟར་ཡུལ་སྐོར་ཆེད་དོན་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི500ལས་མི་ཉུང་བ་བཀོད་སྒྲིག་བྱས་ནས་གྲོང་སྡེའི་ཡུལ་སྐོར་དང་གནས་ཚང་དཔལ་འབྱོར་འཕེལ་རྒྱས་ལ་གཙོ་གནད་ཐོག་སྤྱད་པ་རེད། 《རོང་བྲག་རྫོང་གནས་ཚང་རྒྱལ་སྤྱིའི་ཡུལ་སྐོར་བྱེད་གནས་ཀྱི་སྤྱིའི་འཆར་འགོད་དང་གཙོ་གནད་གྲོང་སྡེའི་ཁྱད་ལྡན་གནས་ཚང་གི་འཕེལ་རྒྱས་འཆར་འགོད》བཟོས་པ་དང《རོང་བྲག་རྫོང་གནས་ཚང་རིམ་སྤོར་དོ་དམ་བྱ་ཐབས》རྒྱུན་ཆད་མེད་པར་བཟོ་བཅོས་དང་འཐུས་ཚང་དུ་བཏང་། རྫོང་ཡོངས་ཀྱི་གནས་ཚང་ལས་རིགས་ལ་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཞིབ་ཕྲའི་མཛུབ་ཁྲིད་བྱས་པར་མ་ཟད། བརྒྱ་རྒྱུད་དང་སྤྲོ་སྣང་སོགས་གཙོ་གནད་གནས་ཚང་གི་སྣེ་ལེན་བྱ་ཡུལ་ལ་འཆར་འགོད་ཞིབ་ཕྲ་བྱས་པ་དང་ཆབས་ཅིག།《གྲོང་སྡེའི་ཁང་ས་ཞིབ་མཆན་འགོད་པ་དང་སྲོལ་རྒྱུན་གྱི་གྲོང་མིའི་སྡོད་ཁང་གི་ཕྱི་རྣམ་འཛུགས་སྐྲུན་སྲུང་སྐྱོང་ལས་དོན་ལ་སྔར་བས་ཤུགས་བརྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང《གྲོང་མིའི་སྡོད་ཁང་གི་སྲོལ་རྒྱུན་ཕྱི་རྣམ་འཛུགས་སྐྲུན་སྲུང་སྐྱོང་ལས་དོན་གྱི་བརྡ་ཐོ》མཉམ་དུ་བཏོན་ནས་ཤུགས་ཆེན་པོའི་སྒོ་ནས་གནས་ཚང་གི་ཕྱིའི་རྣམ་པ་དང་ནང་གི་རིག་གནས་ལ་སྲུང་སྐྱོང་གང་ལེགས་བྱས།

ནང་འཁྲུག་ཆ་དོད་ལ་ཕྱི་འབྲེལ་མཐུད་ཆེ་བའི་སྒྲིག་བཀོད་འཐུས་ཚང་དུ་བཏང་།

        རོང་བྲག་རྫོང་གིས་ཡུལ་སྐོར་འགྲིམ་འགྲུལ་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་འཛུགས་སྐྲུན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཡོད། ཉེ་བའི་ལོ་ཤས་རིང་རིམ་རྩིས་བྱས་ན་མ་དངུལ་འཇོག་ཚད་དང་གོང་ཞུས་མ་འཇོག་སྒོར་དུང་ཕྱུར5ལ་ཟིན་ནས་ལྗོངས་ཁུལ་གྱི་གཞུང་ལམ་དང་ལྗོངས་ཁུལ་གྱི་རྐང་ཐང་བགྲོད་ལམ་སྒྱུར་བཀོད་བྱས་ཏེ་བརྒྱ་རྒྱུད་སྐོར་ལམ་ཡུལ་སྐོར་གཞུང་ལམ་དང་གདོང་ལྗོངས་ཁུལ་གྱི་ཡུལ་སྐོར་གཞུང་ལམ། མོ་སི་ཁ་ལྗོངས་ཁུལ་གྱི་ཡུལ་སྐོར་གཞུང་ལམ་བཅས་རིམ་བཞིན་བསྐྲུན་པས་སྤྱིའི་ལམ་ཐག་སྤྱི་ལེ100ལྷག་ལ་ཟིན་པ་དང་ནང་འཁྲུག་ཆ་དོད་ལ་ཕྱི་འབྲེལ་མཐུད་ཆེ་བའི་འགྲིམ་འགྲུལ་ཁོར་ཡུག་ཉིན་བཞིན་ལེགས་སུ་ཕྱིན་ཡོད། ཡུལ་སྐོར་ལྟེ་གནས་དང་ལྗོངས་སྟེགས། ཡུལ་སྐོར་བགྲོད་ལམ། ཡུལ་སྐོར་གསང་སྤྱོད་ཁང་སོགས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཁག་ཅིག་སྒྲིག་འཛུགས་ལག་ལེན་བསྟར་པ་དང་། གྲོང་སྡེའི་ཡུལ་སྐོར་མཚོན་རྟགས་དང་མཚོན་བྱང་སྔར་བས་འཐུས་སྒོ་ཚང་དུ་བཏང་ཞིང་། སྒྲིག་བཀོད་རྒྱུན་མི་ཆད་པར་འཐུས་ཚང་དུ་སོང་བ་དང་ཁོར་ཡུག་ཉིན་བཞིན་ལེགས་སུ་ཕྱིན་ནས་རོང་བྲག་རྫོང་གིས་གྲོང་སྡེའི་ཡུལ་སྐོར་དང་གནས་ཚང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིང་།

སྤུས་རྟགས་བཏོད་ནས་སྤུས་ཚད་དང་ ཕན་འབྲས་ཆེ་རུ་བཏང་།

        སྲིད་གཞུང་གིས་ཁྲིད་སྟོན་དང་མང་ཚོགས་ཀྱིས་གཙོ་ཁྲིད། ཁྲོམ་རས་སྣེ་ཁྲིད། སྤུས་ཚད་མཐོར་འདེགས་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་དམིགས་ཏེ་རོང་བྲག་རྫོང་གིས་ཆུ་དང་ལྗང་བསྒྱུར། རིག་གནས།སྒྲིག་བཀོད། ཤེས་ལྡན་མི་སྣ་བཅས་ཕུན་སུམ་ཚོགས་པོར་གཏོང་བའི་བྱེད་ཐབས་བརྒྱུད་དེ་ཡུལ་སྐོར་སྤུས་རྟགས་གཏོད་པའི་ལས་དོན་སྤེལ་ནས་སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་གྱི་གྲོང་སྡེའི་ཡུལ་སྐོར་རྫོང་དང་སི་ཁྲོན་ཡུལ་སྐོར་རྫོང་གྲགས་ཅན་གྱི་འདེམས་སྒུག་རྫོང་བཅས་སུ་བདམས་ཐོན་བྱུང་། རྒྱལ་ཁབ་ཀྱིAབཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཅིག་དང་རྒྱལ་ཁབ་ཀྱིAགསུམ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཉིས་བསྐྲུན་པ་དང་། བརྒྱ་རྒྱུད་གྲོང་རྡལ་བརྒྱ་རྒྱུད་གྲོང་ཚོ་གཉིས་པ་དང་དམུ་རྡོ་གྲོང་རྡལ་རྒྱས་ཁར་ཡུལ་གྲོང་ཚོ་གཉིས་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་གྲོང་སྡེའི་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་ཏུ་བདམས། རོང་བྲག་མཛེས་མ་ལུང་པའི་ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་བཏོད་པ་དང་བརྒྱ་རྒྱུད་གྲོང་རྡལ་དེ་སི་ཁྲོན་ཡུལ་སྐོར་གྲོང་རྡལ་གྲགས་ཅན་ཁག་དང་པོར་གྱུར། ཀྲུང་གོའི་གྲོང་སྡེའི་ཤུལ་རྫས་མགྲོན་ཁང་གཅིག་ཡོད་པ་དང་ཞིང་ཆེན་རིམ་པའི་གྲོང་སྡེའི་མགྲོན་ཁང་སྐར་བཞི་རིམ་པའི་མགྲོན་ཁང་བཅུ་བདུན་དང་ཞིང་ཆེན་རིམ་པའི་གྲོང་སྡེའི་སྐར་གསུམ་རིམ་པའི་མགྲོན་ཁང་བཅུ་གཉིས། རྫོང་རིམ་པའི་སྐར་མ་རིམ་པའི་སྒོ་བྱང་བཀལ་བའི་དུད་ཚང་ཁྱོན88ཡོད་པ་རེད།

ལུགས་སྲོལ་གྱི་འཆིང་རྒྱ་བཀྲོལ་ཏེ་མི་གཡང་ དང་རྒྱུ་གཡང་བཀུག།

        གྲོང་སྡེའི་ཡུལ་སྐོར་དང་གནས་ཚང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཁོར་ཡུག་དང་མ་དངུལ། སྒྲིག་བཀོད། འདུ་ཤེས། ཤེས་ལྡན་མི་སྣ་བཅས་གཞི་རྩའི་ཆ་རྐྱེན་ཆེ་གྲས་ལྔ་ཚང་དགོས། ཕུགས་ནས་བལྟས་ན་འགག་རྩ་ནི་ས་གནས་དེ་གའི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་གཅིག་སྡུད་བྱ་རྒྱུར་ཐུག་ཡོད། དེར་བརྟེན་རོང་བྲག་རྫོང་གིས་ས་གནས་དེ་གའི་ཤེས་ལྡན་མི་སྣ་དང་ཁེ་ལས་མཁས་ཅན། སློབ་ཆེན་སློབ་མ་བཅས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུ་དེ་ནི་མི་གཡང་དང་རྒྱུ་འགུགས་པའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཡོད།

        བདེ་སྐྱིད་ནི་ཁྲོན་པེ་གསོ་རིག་སློབ་གླིང་ནས་མཐར་ཕྱིན་པ་དང2016ལོའི་ལོ་མཇུག་ཏུ་མོ་རོང་བྲག་རྫོང་དུ་ལོག་ནས་བདེ་སྐྱིད་ཁང་བ་ཞེས་པའི་གནས་ཚང་གཉེར་བ་རེད། སྤྲོ་དགའི་གནས་མཆོག་ཅེས་པའི་གནས་ཚང་ནི་བོད་ཁང་ཞིག་སྒྱུར་བཀོད་བྱས་པ་ཞིག་ཡིན་ཞིང་ཁང་པའི་ནང་གི་བཟོ་བཀོད་ལས་སྲོལ་རྒྱུན་གྱི་རིག་གནས་ཟབ་མོ་མངོན་གྱི་ཡོད། ཕྱིའི་རྣམ་པ་ནི་ཉེ་འཁོར་གྱི་ཞིང་པའི་སྡོད་ཁང་དང་ཞིང་ཁ། གནའ་བོའི་མཁར་རྫོང་བཅས་གཞི་གཅིག་ཏུ་གྲུབ་པར་བྱས་ཡོད་ལ་ཁྲེན་ཀྲི་ནི་གནས་ཚང་དེ་གཉེར་སྐྱོང་བྱེད་མཁན་རེད། ཁོ་བོད་ལྗོངས་ལྷ་ས་ནས་ལོ་མང་རིང་ལས་ཀ་བྱས་རྗེས། སྐབས་ཤིག་རོང་བྲག་ལ་ཡུལ་སྐོར་དུ་ཡོང་སྐབས་རོང་བྲག་གི་མཛེས་སྡུག་ལྡན་པའི་ཞིང་སྡེའི་ཡུལ་ལྗོངས་མཐོང་སྟེ་ཁོས་ཐེ་ཚོམ་མེད་པར་གནས་འདིར་བསྡད་ནས་ལས་གཏོད་བྱས།

        བདེ་སྐྱིད་ཁང་བ་དང་སྤྲོ་དགའི་གནས་མཆོག་ནི་རོང་བྲང་རྫོང་གི་གནས་ཚང་ཐོན་ལས་ཀྱི་བསྡུས་རིས་ཙམ་ཞིག་རེད། ད་སྔའི་བར་རོང་བྲག་རྫོང་གིས་རོང་བྲག་ནས་ཡིན་པའི་གཞུང་ལས་མི་སྣའམ་ཡང་ན་ཁེ་ལས་མཁས་ཅན20ལྷག་ཕ་ཡུལ་དུ་གདན་དྲངས་ནས་ཡུལ་དེ་གའི་གྲོང་མིའི་བསམ་བློ་གཅིག་གྱུར་དང་འདུ་ཤེས་གསར་གཏོད། ཐོན་ལས་ཁྲིད་སྟོན་སོགས་ཀྱི་ལས་དོན་སྤེལ་བ་རེད། རིམ་རྩིས་བྱས་ན་སློབ་ཆེན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་འཕེལ་རྒྱས་གྲོང་སྡེའི་གནས་ཚང་ཁྱིམ་དུད25དང་ཕྱི་ཕྱོགས་སུ་ཚོང་འགུགས་མ་འདྲེན་འཕེལ་རྒྱས་དུད་ཚང30ལ་སྐུལ་སློང་བྱས་པ་རེད། སློབ་ཆེན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ་དང་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱིས་རོང་བྲག་མང་ཚོགས་ལ་གྲོང་སྡེའི་ཡུལ་སྐོར་དང་གནས་ཚང་ཡུལ་སྐོར་འཕེལ་རྒྱས་གཏོང་ཆེད་གསར་གཏོད་ཀྱི་འདུ་ཤེས་དང་སྔོན་ཐོན་གྱི་དོ་དམ་མཁོ་འདོན་བྱས་པར་མ་ཟད། དེ་ལས་རྒྱ་ཆེ་བའི་ཁྲོམ་ར་བཏོད་ནས་ཕུགས་ལ་གཞི་ཚུགས་པ་དང་རྩ་བར་གྱུར་པའི་དངོས་སྒྲུབ་བྱ་ཐབས་དེ་དག་གིས་གྲོང་སྡེའི་ཡུལ་སྐོར་དང་གནས་ཚང་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

        གཞན་ཡང་རོང་བྲག་གིས་ད་དུང་གནས་ཚང་མནའ་འབྲེལ་མཐུན་ཚོགས་བཙུགས་ནས་ཚད་ལྡན་ཡིན་པ་དང་ཁ་ཐོར་གཉེར་སྐྱོང་། གཅིག་གྱུར་དོ་དམ། གཅིག་སྡུད་ཚོང་གཉེར་བཅས་ཀྱི་འཁོར་སྐྱོད་བྱེད་སྟངས་སྤྱད་དེ་ཚོགས་སྒྲིག་འཕེལ་རྒྱས་མངོན་དུ་གྱུར་པར་བྱས། ད་སྔར་བརྒྱ་རྒྱུད་གྲོང་རྡལ་དུ་བཙུགས་པའི་མཛེས་མའི་ལུང་པའི་བརྒྱ་རྒྱུད་གནས་ཚང་ཡན་ལག་མནའ་འབྲེལ་ཞེས་པ་དེའི་ནང་ཞུགས་མཁན་གྱི་གནས་ཚང་ཁྱིམ་དུད50ཡོད་པ་རེད།

        རོང་བྲག་རྫོང་གིས་གནས་ཚང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་བརྒྱུད། རོང་བྲག་གི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གཞི་རྟེན་ནུས་ལྡན་ཞིག་ཏུ་གྱུར་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་དང་རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས། གྲོང་སྡེ་ནི་མཛེས་ལྗོངས་ཁུལ་ཡིན་པ་དང་ཞིང་ལས་ནི་ཡུལ་སྐོར་བྱེད་གནས་ཡིན་པ། ཞིང་པ་ནི་ཡུལ་སྐོར་ལས་དོན་མི་སྣ་ཡིན་པ་བཅས་ཀྱི་འདུ་ཤེས་དེ་རོང་བྲག་པ་ཀུན་གྱི་སེམས་སུ་ཟུག་ཡོད། ཁོངས་ཡོངས་ཀྱི་ཡུལ་སྐོར་དེ་གྲོང་སྡེ་ཀུན་ལ་ཁྱབ་པ་དང་གྲོང་སྡེའི་སྣེ་ལེན་ཕྱོགས་ཀུན་ལ་ཁེབས་པ། གནས་ཚང་དཔལ་འབྱོར་ཀུན་ནས་འཕེལ་བའི་ཐོན་ལས་རྣམ་པ་ཞིག་ཆགས་ནས་གྲོང་སྡེ་ཀུན་ལ་ཡུལ་སྐོར་དར། ཁྱིམ་དུད་ཚང་མས་གནས་ཚང་གཉེར་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

        2022ལོར་རོང་བྲག་རྫོང་གིས་ཡུལ་སྐོར་བ་མི་ཁྲི301ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར33ལ་ཟིན། ཡུལ་སྐོར་ལས་དོན་མི་སྣ1800ལྷག་ཡོད་པ་དང་རྫོང་ཡོངས་ཀྱི་མང་ཚོགས་ལ་ཡུལ་སྐོར་གྱིས་ཕན་པ་ཐོབ་ཚད་བརྒྱ་ཆ70ཡན་ལ་ཟིན་ཡོད་པ་དང་ཡུལ་སྐོར་གྱི་ཐད་ཀའི་ལས་ཞུགས་མི་སྣར་འབབ་འཕར་སྒོར་ཁྲི3ཡན་བྱུང་ཡོད། རབ་གྲས་གནས་ཚང་དང་དཔེ་སྟོན་དུད་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི200ལས་བརྒལ་ནས་ཡུལ་སྐོར་དམངས་ཕན་གྱི་ཁོངས་ཡོངས་འབབ་འཕར་ཐོན་ལས་ཀྱི་མ་ལག་ཅིག་རགས་ཙམ་ཆགས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1