ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་འདིར་ལན་ཆ་བཟང་པོ་བྱུང་འདུག

ཡིག་སྒྱུར། དབང་འདུས། རིན་དབང་། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-26


ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཆེད་དངོས་པོའི་ལག་རྩལ་གྱི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་སྟོན་གནང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གནང་བས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དངོས་གཟུགས་དཔལ་འབྱོར་རྒྱ་སྟོབས་ཇེ་ཆེར་བཏང་སྟེ། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་། ཐོན་ལས་བརྗེ་སྒྱུར་དང་གང་ལེགས་འཚམ་པ་དང་སྣེ་ཁྲིད་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་དེ་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དེ་གྲངས་འཛིན་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་ཐོན་ལས་ཆ་འཕྲིན་ཅན་སོགས་དང་ཟུང་འབྲེལ་ནུས་ལྡན་གྱིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཆེད་སྟོབས་ཆེའི་དངོས་པོའི་ལག་རྩལ་གྱི་རྨང་གཞི་འདིང་དགོས་ཞེས་བསྟན་གནང་ཡོད།

ཧང་ཀྲོའུ་ཨ་ཤེ་ཡའི་གྲོང་ཚོར། རང་འགུལ་ཁ་ལོ་བསྒྱུར་བའི་རླངས་འཁོར་རེ་རེས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་དང་། རླངས་འཁོར་མཐའ་འཁོར་གྱི་སྐུལ་འོད་རེག་བརྡ་དང་བརྙན་ལེན་ཡོ་བྱད་ཀྱིས་རླངས་འཁོར་ཉེ་འགྲམ་གྱི་སྨི་200ནང་ཚུན་གྱི་གནས་ཚུལ་གསལ་པོར་ཚོར་ལེན་ཐུབ་ཀྱི་ཡོད། ད་ལོ་ཚུན་དུ། ཀྲེ་ཅང་ཧང་ཀྲོའུ་ཞའོ་ཧྲན་ཁུལ་གྱིས་བཟོ་སྐྲུན་ལས་རིགས་ཀྱི་ཁུལ་ཆེན་དང་དམངས་གཉེར་དཔལ་འབྱོར་གྱི་ཁུལ་ཆེན་འཛུགས་སྐྲུན་སྔར་བས་སྲ་བརྟན་དང་གོང་འཕེལ་གཏོང་བའི་བཟང་ཆ་བེད་སྤྱད་དེ་རིག་ནུས་རླངས་འཁོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་ཡོད། ཞའོ་ཧྲན་ཁུལ་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱི་ཏང་ཨུད་ཀྱི་ཨུ་ཡོན། ཅུས་ཀྲང་གཞོན་པ་ཅིན་ཧའེ་ཀོང་གིས། ད་ཐེངས་ང་ཚོས་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གོ་སྐབས་བེད་སྤྱད་དེ་རིག་ནུས་དྲ་རྒྱའི་རླངས་འཁོར་ཉེར་སྤྱོད་བཀོལ་ཐབས་ཨ་ཤེ་ཡའི་ལུས་རྩལ་གྲོང་ཚོའི་ཉེ་འཁོར་དུ་བཙུགས་ཡོད། དེ་ཡང་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གྲོང་ཚོའི་ལས་དོན་པ་དང་ལུས་རྩལ་པ། ཤན་འབྱེད་པ་བཅས་ཀྱིས་ཚོད་ལྟའི་བཀོལ་སྤྱོད་བྱེད་བདེ་བ་དང་ཆབས་ཅིག ཧང་ཀྲོའུ་ཞའོ་ཧྲན་ཁུལ་གྱི་རིག་ནུས་དྲ་རྒྱའི་རླངས་འཁོར་གྱི་གྲུབ་འབྲས་འགྲེམས་སྟོན་བྱ་ཆེད་ཡིན་ཞེས་གསུངས་ཡོད།

ཨན་ཧུའེ་ཡིས་རང་ངོས་ཀྱི་གསར་གཏོད་ཀྱི་བཟང་ཆ་བེད་སྤྱད་དེ་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་གྲངས་འཛིན་ཅན་གྱི་གོང་འཕེལ་གཏོང་ཐབས་ལེགས་སུ་གཏོང་བ་དང་། ལས་རིགས་དང་ཁྱབ་ཁོངས་བརྒལ་བའི་བཟོ་ལས་དྲ་སྦྲེལ་སྟེགས་བུ་འཛུགས་བཞིན་ཡོད། དེའི་ཁྲོད་ཨན་ཧུའེ་ཞིང་ཆེན་གྱིས་གཙོ་གནད་ཐོག་བཟོ་སྐྲུན་བྱས་པའི“ལིང་ཡང”སྟེགས་བུ་བཀོལ་སྤྱོད་བྱས་ནས་དུས་ཡུན་ལོ་གཉིས་ལས་ཕྱིན་མེད། འོན་ཀྱང་དེའི་ནང་ཞུགས་པའི་རིགས་གཅིག་མཁས་པ་དང་ཞབས་ཞུའི་ཚོང་དུད་སོགས་བཞི་འབུམ་ལས་བརྒལ་ཡོད། ཀྲུང་གོ་བཟོ་ལས་དྲ་སྦྲེལ་ཞིབ་འཇུག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཝེ་ཡིས། ཞིང་ཆེན་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་ཁག་དྲ་བའི་སྟེགས་བུ་འདིའི་ནང་ཞུགས་པས། འཇོན་ལྡན་སྲིད་གཞུང་དང་ནུས་ལྡན་ཁྲོམ་ར་གཉིས་ཟུང་འབྲེལ་ཡག་པོ་བྱེད་པའི་ཐད་རྒྱལ་ཡོངས་ཀྱི་སྔོན་སྐྱོད་པར་གྱུར་ཡོད། དེ་ནི་ང་ཚོའི་བཟོ་སྐྲུན་ལས་རིགས་བརྗེ་བསྒྱུར་རིམ་སྤོར་བྱེད་པའི་ནུས་ལྡན་གྱི་ཐབས་ཇུས་དོན་འཁྱོལ་བྱེད་ཐབས་ཤིག་རེད་ཅེས་བསྟན་འདུག

ཀོང་ཏུང་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་ཧོང་ཕུའུ་རྒྱུ་ཆ་ཞིབ་འཇུག་ཁང་གིས་རྒྱལ་ཁབ་ཀྱི་ལྟེ་བའི་ལག་རྩལ་ལ་འཕྲད་པའི་འགག་གནད་ཀྱི་དགོས་མཁོ་དང་ཁུག་པ་ཆེན་མོའི་ཁུལ་གྱི་གསར་གཏོད་གོང་འཕེལ་གྱིས་འགག་རྩའི་རྒྱུ་ཆ་གསར་པར་དགོས་མཁོ་ཆེན་པོ་ཡོད་པར་དམིགས་ཏེ་1+1+Xཡི་གོང་འཕེལ་འཐབ་ཇུས་ལག་ལེན་བསྟར་བས། འཕུར་སྐྱོད་འབབ་འཕུར་སྒུལ་ཤུགས་རིག་པའི་སྒྲིག་ཆས་ཆེན་པོས་ལྟེ་བ་བྱས་པའི་མཁའ་སྐྱོད་འཁོར་ལོའི་ཞིབ་འཇུག་གསར་སྤེལ་སྟེགས་བུ་དང་ཉིང་ལྷེབ་རྫས་འགྱུར་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་སྟེགས་བུ་བཏོད་པ་དང་ཆབས་ཅིག འབྲེལ་ཡོད་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་བརྗེ་བསྒྱུར་བྱ་རྒྱུར་ཡང་མཉམ་དུ་སྐུལ་འདེད་བཏང་ཡོད། ཀོང་ཏུང་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་ཧོང་ཕུའུ་རྒྱུ་ཆ་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཝང་ཅེ་ཡིས། གོམ་སྟབས་རྗེས་མར་ཧོང་ཕུའུ་རྒྱུ་ཆ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གང་ལེགས་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཐོག སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་དེ་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། རྒྱལ་ཁབ་དང་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་སྔོན་ཐོན་རྒྱུ་ཆའི་ཁྱབ་ཁོངས་ཀྱི་ལག་རྩལ་གསར་གཏོད་ཀྱི་འབྱུང་ས་དང་ཁྱབ་འགྱེད་ལྟེ་གནས་བསྐྲུན་ཏེ། རྒྱལ་ཁབ་ཀྱི་ཆུ་ཚད་མཚོན་པ་དང་རྒྱལ་ཁབ་ཀྱི་འདོད་འདུན་མངོན་ཐུབ་པའི་རྒྱུ་ཆ་གསར་པའི་འཐབ་ཇུས་ཚན་རྩལ་གྱི་སྟོབས་ཤུགས་སུ་འགྱུར་ཐུབ་པ་བྱ་རྒྱུ་ཞེས་གསུངས་ཡོད།

ཧོ་ནན་ལུའོ་ཡང་གི་འཁོར་རྟེན་ཁེ་ལས་ཞིག་གིས་མི་དབྱིབས་འཕྲུལ་མིར་འཚམ་པའི་མྱུར་ཚད་འགོར་དུ་གཏོང་བའི་འཁོར་རྟེན་ཛ་དྲག་ངང་ཞིབ་བཟོ་བྱེད་བཞིན་ཡོད། ཁེ་ལས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་པུའི་འགན་འཁུར་བ་ལུའི་རུའེ་ཧྥང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད་པས། ཁེ་ལས་ཀྱིས་རང་ཉིད་སྟོབས་ཆེར་གཏོང་བའི་སེམས་ཤུགས་སྔར་བས་བརྟན་དུ་བཏང་ཡོད། ང་ཚོས་ཞིབ་བཟོ་བྱས་པའི་མཐོ་གསར་འཁོར་རྟེན་དེས་རང་རྒྱལ་གྱི་མཐོ་གསར་གྲངས་གཞིའི་ཚོད་འཛིན་འཁོར་སྟེགས་དང་། བཟོ་ལས་འཕྲུལ་མི། རྒྱལ་སྲུང་འཛུགས་སྐྲུན། མཁའ་འགྲུལ་མཁའ་སྐྱོད་སོགས་ཁྱབ་ཁོངས་མང་པོར་ཞབས་ཞུ་བྱེད་ཀྱི་ཡོད། ང་ཚོས་འབྱུང་འགྱུར་མཐོ་གསར་འཁོར་རྟེན་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་རྒྱལ་ཐོན་ཅན་གྱིས་ཚབ་བྱེད་ཐུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱལ་ཁྲོད་ཆེད་ལས་དང་ཞིབ་ཚགས། དམིགས་བསལ། གསར་པ་བཅས་ཀྱི་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་ཁྱོན་ཡོངས་སྐུལ་འདེད་གཏོང་བར། རྣམ་པ་གསར་པའི་བཟོ་ལས་ཅན་མངོན་འགྱུར་ཡོང་བྱ་རྒྱུ་ནི་འགག་རྩའི་ལས་འགན་ཞིག་རེད་ཅེས་གསུངས་གནང་ཡོད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་བཟོ་ལས་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་ཧྲེ་ཏན་གྱིས། རྣམ་པ་གསར་པའི་བཟོ་ལས་ཅན་ནི་སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་གསོ་སྤེལ་སྟོབས་ཆེར་གཏོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བའི་བཟོ་ལས་ཅན་ཞིག་དང་། སྤུས་ཚད་ནུས་ལྡན་མཐོ་རུ་དང་གྲངས་ཚད་ལུགས་མཐུན་ངང་འཕར་རྒྱུ་གཅིག་འགྱུར་ཡག་པོ་བྱས་པའི་བཟོ་ལས་ཅན་ཞིག དངོས་གཟུགས་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱས་པའི་བཟོ་ལས་ཅན་ཞིག ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་མཐུན་སྦྱོར་ངང་ཤུགས་སྣོན་རྒྱག་པའི་བཟོ་ལས་ཅན་ཞིག སྒོ་དབྱེ་མཉམ་ལས་དང་བདེ་འཇགས་རང་བདག་ལ་གཅིག་འགྱུར་ཐོག་ལྟ་རྟོག་བྱེད་པའི་བཟོ་ལས་ཅན་ཞིག་བཅས་ཡིན། རྨང་གཞི་དེ་དག་ཡོད་ཚེ། རང་རྒྱལ་གྱི་བཟོ་ལས་དཔལ་འབྱོར་གཞི་ནས་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱལ་ཡོང་ཐུབ་པ་དང་། རྒྱལ་དམངས་དཔལ་འབྱོར་གྱི་རྨང་རྡོ་ཡག་པོ་ཞིག་བྱེད་ཐུབ་ཅེས་བསྟན་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1