ད་ལོར་སི་ཁྲོན་གྱིས་གྲོང་གསེབ་ཏུ་རིན་མེད་དངོས་གཞིའི་སློབ་མ་500 དམིགས་བཀར་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་བཀོད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-24


          གསར་འགོད་པས་ཚེས་21ཉིན་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2016ལོར་སི་ཁྲོན་གྱིས་གྲོང་གསེབ་གྱི་རིན་མེད་གསོ་རིགས་ཀྱི་དངོས་གཞི་སློབ་མ་དམིགས་བཀར་གསོ་སྐྱོང་བྱ་རྒྱུའི་འཆར་བཀོད་བྱས་པ་རེད། རྒྱུགས་སྤྲོད་མིང་ཐོ་འགོད་མིས་ངེས་པར་དུ་དངོས་གཞིའི་ཚན་ཁག་གི་སྔོན་དུ་རིན་མེད་གསོ་རིགས་འགྲོ་ཁུངས་གཏན་འཁེལ་སློབ་བསྡུའི་སློབ་གྲྭའི་རེ་འདུན་རེའུ་མིག་འགོད་དགོས་པར་མ་ཟད་སློབ་གྲྭ་དེའི་རིན་མེད་གསོ་རིགས་འགྲོ་ཁུངས་སློབ་བསྡུའི་ཆེད་ལས་རེའུ་མིག་འགོད་དགོས། ཟླ་6པའི་ཚེས་24ཉིན་གྱི་ཆུ་ཚོད་17ཐོག་རེ་འདུན་རེའུ་མིག་འགོད་འཚམས་འཇོག་རྒྱུ་རེད།

          སི་ཁྲོན་གྱིས་2010ལོ་ནས་བཟུང་གྲོང་གསེབ་ཏུ་རིན་མེད་དངོས་གཞིའི་གསོ་རིག་སློབ་མ་དམིགས་བཀར་གསོ་སྐྱོང་བྱེད་འགོ་བརྩམས་ཤིང་། ལོ་སྔོན་མ་དག་དང་བསྡུར་ན། ད་ལོར། གྲོང་གསེབ་གྱི་སློབ་མ་མ་གཏོགས་བསྡུ་ལེན་མི་བྱེད་པ།རྒྱུགས་སྤྲོད་མིང་ཐོ་འགོད་པའི་སློབ་མ་ལ་ངེས་པར་དུ་ཆ་རྐྱེན་གསུམ་འཛོམས་དགོས་པ་སྟེ། གཅིག་ནི་2016ལོའི་སི་ཁྲོན་གྱི་གཅིག་གྱུར་གྱི་མཐོ་རྒྱུགས་ལ་ཞུགས་ཡོད་པར་མ་ཟད། རྒྱུགས་འབྲས་དེ་ངེས་པར་དུ་སི་ཁྲོན་གྱི་དངོས་གཞིའི་ཐེངས་གཉིས་པའི་བསྡུ་ལེན་བྱེད་པའི་སྐར་མའི་ཚད་ཟིན་དགོས། གཉིས་ནི་སློབ་མའི་ཁྱིམ་ཐོ་ངེས་པར་དུ་གྲོང་གསེབ་ཏུ་ཡོད་དགོས་པར་མ་ཟད་ལོ་གསུམ་ཡན་ཟིན་དགོས། གསུམ་ནི་སློབ་མའི་ཕ་མ་སམ་ཡང་ན་ཁྲིམས་བཀོད་ལྟ་སྐྱོང་མཁན་གྱི་ཁྱིམ་ཐོ་ངེས་པར་དུ་གྲོང་གསེབ་ཏུ་ཡོད་དགོས། སི་ཁྲོན་གྱིས་གྲོང་གསེབ་ཏུ་དམིགས་བཀར་གསོ་སྐྱོང་བྱེད་པའི་དངོས་གཞིའི་གསོ་རིགས་སློབ་མའི་སློབ་གྲྭའི་ནང་སློབ་སྦྱོངས་བྱེད་སྐབས་སློབ་རིན་དང་སྡོད་ཁང་གི་རིན་སྤྲོད་མི་དགོས་པར་མ་ཟད། ལོ་རེར་སྒོར3000གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད།

         རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་གྱིས་གྲོང་གསེབ་ལ་ཁ་གཏད་ནས་གསོ་སྐྱོང་བྱས་པའི་དངོས་གཞིའི་གསོ་རིག་སློབ་མའི་མཐར་ཕྱིན་དཔང་ཡིག་བླངས་རྗེས་སུ། རྫོང་དང་གྲོང་ཁྱེར། ཆུས་སོགས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། སྲིད་འཛིན་སྡེ་ཁག་བཅས་ཀྱི་གཏན་འཁེལ་བྱས་པའི་གྲོང་གསེབ་ཀྱི་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ལས་ཞུགས་བྱེད་པར་འགྲོ་དགོས་པར་མ་ཟད། ལས་གནས་དེ་ནས་འབྲེལ་མཐུད་ལོ་ངོ་དྲུག་ལ་ལས་ཞུགས་བྱེད་དགོས་པ་རེད། དེ་དང་དུས་མཚུངས་སུ་གཏན་འཁེལ་སློབ་མ་སྒྲིག་ལམ་ནང་གི་བཀོད་སྒྲིག་ལྟར་དུ་ཚན་ཁག་ཡོངས་ཀྱི་ཆེད་ལས་དང་སྨན་ཁང་དུ་སྡོད་པའི་སྨན་པའི་ཚད་ལྡན་རང་བཞིན་ཅན་གྱི་གསོ་སྦྱོང་ནང་ཞུགས་དགོས། སྨན་སྡོད་སྨན་པའི་ཚད་ལྡན་ཅན་གྱི་སྒྲིག་ཁྲིམས་ཚད་ལོན་དཔང་ཡིག་ལོན་དགོས་ལ། ལོ་ངོ་གསུམ་གྱི་གསོ་སྦྱོང་དུས་ཚོད་དེ་ལོ་དྲུག་གི་ཞབས་ཞུའི་དུས་ཚོད་ནང་དུ་བརྩི་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1