རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-02


        སྤྱི་ཟླ་9བའི་ཚེས་30ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་འཚོགས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་རེ་འཁོར་བདུན་ལོན་པར་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུས། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཀྲང་ཏི་ཅང་། ཡུས་ཀྲེང་ཧྲན། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཕྱི་ནང་གི་མི་1200ལྷག་དང་མཉམ་དུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས།
        ཆུ་ཚོད་18སྟེང་། མགྲོན་བསུ་རོལ་དབྱངས་དང་མཉམ་དུ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གསོལ་སྟོན་ཁང་དུ་ཕེབས་ཤིང་། ཚོགས་རར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
        སྣེ་ལེན་ཚོགས་འདུ་མགོ་བརྩམས་མ་ཐག དམག་དཔུང་རམ་དཀྲོལ་ཚོགས་པས་བློས་བླངས་དམག་གི་མདུན་སྐྱོད་རོལ་དབྱངས་དཀྲོལ་བ་དང་། ཚོགས་རའི་མི་ཡོངས་ཡར་ལངས་ཏེ་རྒྱལ་གླུ་བླངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། གཞན་ཞང་ཀང་དང་ཨོ་མིན་སྤུན་ཟླ།  ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པར་མ་ཟད། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་སོ་སོའི་གྲོགས་པོ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས།
        ལི་ཁེ་ཆང་གིས་ལོ་ངོ་རེ་བདུན་གྱི་རིང་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ལན་བརྒྱར་ཕམ་རུང་བློ་སྤོབས་མི་ཞུམ་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་པས། རླབས་ཆེན་མེས་རྒྱལ་དབུལ་བོ་དང་གཉོམ་ཆུང་ནས་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་གཉིས་པར་འགྱུར་བའི་འགྱུར་ལྡོག་མངོན་འགྱུར་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱིས་བརྙས་བཅོས་མྱངས་བ་ནས་རླབས་ཆེན་བསྐྱར་དར་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་བ། མི་དམངས་ཀྱི་ལྟོ་རྒྱབ་ཐད་ལ་དཀའ་ཁག་ཡོད་པ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགྱུར་ལྡོག་མངོན་འགྱུར་བྱུང་བ་རེད་ཅེས་བསྟན།  
        ལི་ཁེ་ཆང་གིས་འོད་སྟོང་འབར་བའི་ལོ་རྒྱུས་ནི་ཉིན་རེ་རེའི་འབད་འཐབ་ལ་བརྟེན་ནས་བྲིས་པ་ཡིན་ལ། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་གདོང་གཏད་ནས། བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐའ་འཁྱོལ་བྱས་པ་དང་། སེམས་ཤུགས་གཅིག་མཐུན་དང་དཀའ་ངལ་ཁྱད་བསལ་གྱིས་སྤྱིའི་དགོས་མཁོ་འོས་འཚམ་གྱིས་འཕར་སྣོན་གཏོང་བ་སྲུང་འཛིན་བྱས་པ་དང་དུས་མཉམ་དུ། འདོན་སྤྲོད་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་འབད་པ་ཆེན་པོས་སྤེལ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཐོབ་དཀའ་བའི་གྲུབ་འབྲས་གསར་པ་བླངས་པ་རེད། ང་ཚོས་ཆེ་ཕྱོགས་སྙོམས་སྒྲིག་ཕྱོད་ཕན་ལྡན་པར་ལག་བསྟར་དང་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་དཔལ་འབྱོར་སྒྲིག་གཞི་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱེད་པ་མངོན་འགྱུར་བྱུང་བས། ཁྲོམ་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་མཉམ་འདོན་བྱས་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་མཉམ་འཕེལ་བྱུང་། ལོ་མང་པོའི་རིང་ལ་བྱུང་མ་མྱོང་བའི་ཆུ་ལོག་གི་གནོད་འཚེ་ཆེན་པོར་ཕྱོད་ཕན་ལྡན་པར་ཁ་གཏད་དེ། ཚད་ཆེས་མཐོ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱས། ཀྲུང་གོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་སྤེལ་ནས།་གསར་གཏོད་དང་གསོན་ཤུགས། མཉམ་འགུལ། དཀྱེལ་ཡངས་བཅས་ཀྱི་འཛམ་གླིང་དཔལ་འབྱོར་སྒྲིག་འཛུགས་བྱེད་པའི་ཐུན་མོང་གི་འདུ་ཤེས་གྲུབ། གཞན་རང་རྒྱལ་གྱི་ལུས་རྩལ་པས་ལེ་ཡེའོ་ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་སྟེང་སྙིང་རུས་ཆེར་བསྐྱེད་དེ་ཀྲུང་ཧྭའི་བུ་བུ་མོ་རྣམས་སྤྲོ་སེམས་སྔར་ལས་ཆེན་པོས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་མ་གཏོང་བཞིན་འདུག་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1