བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-13


ཁུ་པི་ལི་ཡིས་བཀའ་བཀོད་ལྟར། །

དབུས་གཙང་ཁྲི་སྐོར་བཅུ་གསུམ་ཕྱེས། །

བོད་ཡུལ་ཆོལ་ཁ་གསུམ་དུ་བགོས། །

མི་རྩིས་དུད་བགྲངས་ཐེངས་གསུམ་བྱས། །

འཇའ་མོ་ཉི་ཤུ་རྩ་བདུན་བཙུགས། །

བློན་པོ་མགར་གྱི་གདུང་རྒྱུད་ལ། །

མདོ་ཁམས་སྟོང་དཔོན་ཐོབ་དབང་བསྩལ། །

དཔོན་རིགས་ནང་འཁོན་སོག་དམག་དྲངས། །

འཕགས་པ་བཀྲོངས་ཤིང་དཔོན་ཆེན་བརླགས། །

བོད་ཡུལ་ཁྲི་སྐོར་བཅུ་གསུམ་ཞེས་པ་གཙང་ཕྱོགས་ཁྲི་སྐོར་དྲུག་དང། དབུས་ཕྱོགས་ཁྲི་སྐོར་དྲུག དབུས་གཙང་བར་ན་ཁྲི་སྐོར་གཅིག་བཅས་བསྡོམས་པས་བཅུ་གསུམ་ཡོད་འདུག

གཙང་ཕྱོགས་ཁྲི་སྐོར་དྲུག་ནི། (1) གུར་མོ་ཁྲི་སྐོར། གཙོ་བོ་ད་ལྟའི་སྐྱིད་གྲོང་རྫོང་ལ་ཧོར་དུད་2635དང༌། (2)ལ་སྟོད་ལྷོ་པའི་ཁྲི་སྐོར། ད་ལྟའི་དིང་རི་རྫོང་ཁོངས་ལ་ཧོར་དུད་1089དང༌། (3)ལ་སྟོད་བྱང་པའི་ཁྲི་སྐོར། ད་ལྟའི་ལྷ་རྩེ་དང་ངམ་རིང་རྫོང་ཁོངས་ལ་ཧོར་དུད་2250དང༌། (4)ཆུ་མིག་ཁྲི་སྐོར། ད་ལྟ་གཞིས་རྩེ་གྲོང་ཁྱེར་ཁོངས་རྒྱ་མཚོ་ཤར་དང་བྱེ་ལྕགས་སོགས་ལ་ཧོར་དུད་3003དང༌། (5)ཞ་ལུ་ཁྲི་སྐོར། དེང་དུས་ཞ་ལུ་ཧོར་དུད་3892དང༌། (6)ཤངས་པ་ཁྲི་སྐོར། གཙོ་བོ་ད་ལྟའི་རྣམ་གླིང་རྫོང་ཁོངས་དང་འབྲོག་ཁུལ་ལ་ཧོར་དུད་3630བཅས།

དབུས་ཕྱོགས་ཀྱི་ཁྲི་སྐོར་དྲུག་ནི། (1)འབྲི་གུང་ཁྲི་སྐོར། འབྲི་གུང་ལྷོ་བྱང་གང་སར་ཡོད་པའི་ཧོར་དུད་3630དང༌། (2)ཚལ་པ་ཁྲི་སྐོར། ཚལ་གུང་ཐང་དང་ལྷ་ས་སོགས་གང་སར་ཡོད་ལ་ཧོར་དུད་3702དང༌། (3)རྒྱ་མ་ཁྲི་སྐོར། ད་ལྟའི་མལ་གིང་དང་འོན་སོགས་ལ་ཧོར་དུད་2950དང༌། (4)ཕག་གྲུའི་ཁྲི་སྐོར། ད་ལྟའི་སྣེ་གདོང་རྫོང་ཁོངས་སོགས་ལ་ཧོར་དུད་2438དང༌། (5)གཡའ་བཟང་ཁྲི་སྐོར། ད་ལྟའི་ལྷུན་རྩེ་རྫོང་སོགས་ལ་ཧོར་དུད་3000དང༌། (6)བྱ་ཡུལ་ཁྲི་སྐོར། དེང་དུས་ལྷུན་རྩེ་རྫོང་བྱ་ཡུལ་སྡེ་ཤོག་སོགས་ལ་ཧོར་དུད་2950བཅས་ཡོད་པ་དང༌། དབུས་གཙང་གཉིས་ཀྱི་བར་ན་ཡོད་པའི་ཁྲི་སྐོར་གཅིག(13) ཡར་འབྲོག་ཁྲི་སྐོར། ད་ལྟའི་སྣ་དཀར་རྩེ་རྫོང་སོགས་ལ་ཧོར་དུད་750ཡོད་ཅེས་གསལ། །

བོད་ཆོལ་ཁ་གསུམ་ནི། 《རྒྱ་བོད་ཡིག་ཚང་།》ལས། དབང་ཡོན་བར་མ་ལ་བོད་ཆོལ་ཁ་གསུམ་ཕུལ་པའི་ས་མཚམས་ནི། ཡུལ་མངའ་རིས་གུང་མང་མན། སོག་ལ་སྐྱ་བོ་ཡན། དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་མན། རྨ་ཆུའི་ཁུག་པ་ཡན། མགོ་ནག་མིའི་ཆོལ་ཁ། རྨ་ཆུའི་ཁུག་པ་མན། རྒྱ་མཆོད་རྟེན་དཀར་པོ་ཡན། དུད་འགྲོ་རྟའི་ཆོལ་ཁ་དང་གསུམ་པོ་དེ། མི་རྟ་ཆོས་གསུམ་གྱི་འབུལ་བའི་ལུགས་སུ་བྱས་ནས་ཕུལ་པར་འདུག་ཅིང༌། ཆོལ་ཁ་རེ་རེ་ལ། དཔོན་ཆེན་རེ་རེ་རྒྱལ་པོ་ཡོན་མཆོད་བཀའ་བགྲོས་སུ་མཛད་ནས་བསྐོས་འདུག།

མི་རྩིས་དུད་བགྲང། རབ་བྱུང་བཞི་པའི་ལྕགས་སྤྲེལ་སྤྱི་ལོ་1260ལོར་མི་ཆེན་དར་སྨན་གྱིས་བོད་ཆོལ་ཁ་གསུམ་ལ་འཇའ་མོ་འཛུགས་སྐབས་ས་འཇལ་དུད་བགྲང་ཐེངས་གཅིག་བྱས་པ་དང༌། རབ་བྱུང་ལྔ་པའི་ས་འབྲུག་སྤྱི་ལོ་1268ལོར་སེ་ཆེན་གོང་མའི་ལུང་གིས་མངགས་པའི་དཔོན་ཆེན་ཨ་དཀོན་དང༌། མི་ལིན་སོགས་ཀྱིས་ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོ་དང་མཉམ་འབྲེལ་བྱས་ཐོག་བོད་དབུས་གཙང་མངའ་རིས་དང་བཅས་པ་ས་འཇལ་དུད་རྩིས་ཞིབ་ཆ་བྱས་ཏེ་ཁྲི་སྐོར་བཅུ་གསུམ་གྱི་ས་རིས་ཕྱེས་པ་ནི་ཐེངས་གཉིས་པ་དང༌། རབ་བྱུང་ལྔ་པའི་མེ་ཕག་སྤྱི་ལོ་1287ལོར་ཡོན་གོང་མས་མངགས་པའི་ཐོ་ཤུ་ཨ་བུ་གན་དང༌། གེབ་ཆག་ཏའི་ཕེང་ཆང་སོགས་ཀྱིས་ས་སྐྱའི་དཔོན་ཆེན་གཞོན་ནུ་དབང་ཕྱུག་དང་མཉམ་དུ་ཐེམ་དུད་བསྐྱར་རྩིས་ཞིབ་བཤེར་དང༌། འཇའ་མོ་བསྐྱར་སྒྲིག་སོགས་བྱས་ཏེ་《ཕྱེ་གསལ་ཆེན་མོ།》ཞེས་པའི་དེབ་ཐེར་གསར་འགོད་བྱས་པ་ནི་ཐེངས་གསུམ་པ་ཡིན།

འཇའ་མོ་ཉེར་བདུན་བཙུགས་པའི་སྐོར། འཇའ་མོ་ཞེས་པ་དེང་དུས་རླངས་འཁོར་གྱི་ཉིན་ལམ་ས་ཚུགས་དང་དོན་གཅིག སོག་རྒྱལ་ཁུ་པེ་ལིའི་ཡི་གེ་སྐྱེལ་མཁན་གསེར་ཡིག་པ་རྣམས་ཉིན་ལམ་རེའི་ས་ཚུགས་ཡིན་འདུག སོག་པོའི་བློན་ཆེན་དས་སྨན་འཇའ་མོ་བཙུགས་སར་བོད་དུ་ཕེབས་པའི་སྐོར། 《རྒྱ་བོད་ཡིག་ཚང།》ལས། བླ་མའི་བཀའ་ཤོག་དང༌། རྒྱལ་པོའི་འཇའ་ས་དགོས་པ་རྣམས་གནང༌། དས་སྨན་འཁོར་མང་པོ་དང་བཅས་ཡར་ཕྱིན། བོད་ཀྱི་བན་སྐྱ་རྒན་མགོ་དྲག་རིམ། སྤྱིར་དགོས་ལ་གནང་སྦྱིན་གྱི་ཆ་རྐྱེན་བཟང་པོ་དང་བཅས་པ། གན་མཛོད་ཆེ་ཆུང་ནས་བསྐུར་ཏེ་ཡར་འོང༌། ཐོག་མར་བོད་དུ་བསྟན་པ་ཕྱི་དར་གྱི་ཆོས་བྱུང་ས་ཡིན་པས། མདོ་སྨད་ཀྱི་ས་དན་ཏིག་ཤེལ་གྱི་ལྷ་ཁང་དང༌། མདོ་སྟོད་གཙོ་མདོ་བསམ་འགྲུབ། གཙང་དཔལ་ལྡན་ས་སྐྱ་རྣམས་ལ་རིམ་པར། མི་མང་པོར་བསགས། གང་ལ་གང་འོས་ཀྱི་གནང་སྦྱིན་སྤྲད། བཀའ་ལུང་རྣམས་བསྒྲགས་ཤིང༌། རྒྱ་བོད་ཀྱི་སོ་མཚམས་ནས། ས་སྐྱ་མན་ལ་འཇམ་ཆེན་ཀུན་དྲིལ་བ་ཉི་ཤུ་རྩ་བདུན་བཙུགས། སོ་སོར་ཕྱེ་ན། མདོ་སྨད་པ་འཇམ་པས། འཇའ་མོ་བདུན། མདོ་སྟོད་ལ་འཇའ་མོ་དགུ། དབུས་གཙང་ལ་འཇའ་མོ་བཅུ་གཅིག དེའི་ནང་ནས་ཀྱང་དབུས་པ་འཇའ་མོ་འཛིན་དགོས་པ་ལ་ཤག་རྩི་བ། ཤ་ཕོ། ཀོང༌། དགོན་གསར། གྱ་བ་དང་བདུན། གཙང་པས་འཛིན་དགོས་ལ། སྟག ཚོང་འདུས། དར་ལུང༌། གྲོམ་མདའ་རོང་དང་བཞི་བཙུགས། སོ་སོའི་ཁྲི་སྐོར་རྣམས་ཀྱིས། འཇམ་སྐྱོར་འདབ་པའི་བཀོད་པ་བྱས།

མདོ་ཁམས་ས་དམར་སྟོང་དཔོན། བློན་པོ་དམ་པ་མགར་རིག་པ་ཅན་གྱི་གདུང་རྒྱུད་ལས་ཁམས་ཕྱོགས་སུ་མཆེད་པ་རྣམས་དེང་དུས་དཔལ་ཡུལ་ས་དམར་སྡེ་ཤོག་འདིར་གཞིས་ཆགས་ཤིང་ཡུལ་དེའི་འབྲི་ཆུའི་ཤར་ནུབ་རྣམས་ལ་དབང་བསྒྱུར་བྱས། རབ་བྱུང་ལྔ་པའི་མེ་ཡོས་སྤྱི་ལོ་1267ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་སླར་ཡང་སོག་ཡུལ་དུ་ཏུ་ཕེབས་པའི་སྐབས་ལས་ཚན་བཅུ་གསུམ་ཞེས་པའི་སྐུ་འཁོར་གསར་འཛུགས་གནང༌། མགར་ཆེན་ཡེ་ཤེས་བཟང་པོའི་སྲས་གཉིས་པ་མགར་བསོད་ནམས་རིན་ཆེན་འགྲོ་མགོན་འཕགས་པའི་གསོལ་དཔོན་གྱི་ལས་འགན་བཞེས་ཏེ་རྒྱ་ནག་ཏུ་ཕེབས། གོང་མ་སེ་ཆེན་རྒྱལ་པོས་ཆེན་པོར་འོས་པའི་ཐོབ་དང་ཐམ་ཀ་གནང༌། དེའི་གཅེན་རྔུ་སྒུ་རུ་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ས་དམར་སྟོང་དཔོན་གྱི་མཚན་དང་གོ་གནས་གནང་བས་དངུལ་སྟོང་དཔོན་ཞེས་པར་གྲགས། དེའི་བརྒྱུད་པ་ཕྱི་རབས་པ་རྣམས་གླིང་ཚང་རྒྱལ་པོའི་མདུན་བློན་གྱུར་སྡེ་དགེ་ཞེས་པའི་མིང་ཆགས། སྤྱི་ལོའི་དུས་རབས་བཅུ་བདུན་དུས་སྟོད་ཙམ་ན་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་གླིང་དཔོན་གྱི་མངའ་ཁོངས་བཅོམ་ཞིང་སྡེ་དགེ་རྒྱལ་པོ་ཞེས་པ་དེ་བྱུང་། །

འགྲོ་མགོན་འཕགས་པ་བཀྲོངས་ཚུལ། འགྲོ་མགོན་འཕགས་པ་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་པ་དང་། དུས་དེར་དཔོན་ཆེན་ཀུན་དགའ་བཟང་པོས་ས་སྐྱའི་དཔོན་ཆེན་མཛད་བཞིན་ཡོད་ཅིང༌། ས་སྐྱའི་དཔོན་རིགས་ནང་ཁུལ་དུ་སྲིད་དབང་འཕྲོག་རེས་བྱེད་པའི་འཐབ་རྩོད་རྣོ་ངར་ལྡན་པར་གྱུར་ཏེ། འཕགས་པའི་ཉེ་གནས་སོགས་ས་སྐྱའི་དཔོན་རིགས་ཁག་གཅིག་གིས་འགྲོ་མགོན་འཕགས་པའི་མིང་ཐོག་ནས་སེ་ཆེན་གོང་མ་ལ་སྙན་ཞུ་རྫུན་མ་ཕུལ་ཏེ། དཔོན་ཆེན་ཀུན་དགའ་བཟང་པོས་སེ་རྡུང་བརྡེག་དགོས་ཚུལ་གྱི་དབྱེན་སྦྱོར་དཀྲུག་ཤིང་མང་དུ་བྱས། སེ་ཆེན་གོང་མས་དམག་དཔུང་ཁག་གཅིག་བོད་དུ་བཏང༌བས་ཕོ་རོག་རྫོང་ཕབ། སྡེ་འབངས་དྲག་མནན་བྱས། སྐབས་དེར་ཉེ་གནས་ཀྱིས་ཧོར་དམག་དྲངས་པ་བླ་མ་འཕགས་པས་མཁྱེན་པར་དོགས་ནས་འགྲོ་མགོན་འཕགས་པ་ལ་ལྐོག་དུག་དྲངས་ནས་བཀྲོངས། སོག་དམག་གིས་འགྲོ་མགོན་འཕགས་པ་བཀྲོངས་མཁན་དཔོན་ཆེན་ཀུན་དགའ་བཟང་པོ་ཡིན་པར་བསྙོན་བཏང་ནས་འཛིན་བཟུང་བྱས། རབ་བྱུང་ལྔ་པའི་ལྕགས་སྦྲུལ་སྤྱི་ལོ་1281ལོར་བྱ་རོག་རྫོང་དུ་དཔོན་ཆེན་ཀུན་དགའ་བཟང་པོ་དམར་གསོད་བྱས། །

དྷརྨ་པཱ་ལས་སྲིད་དབང་བསྐྱངས། །

བདག་ཉིད་ཆེན་པོ་རྒྱ་ཡུལ་སྤྱུགས། །

གདུང་རྒྱུད་ཆད་སྐབས་བོད་དུ་དྲངས། །

རྒྱ་བོད་ཧོར་གསུམ་བཙུན་མོ་བདུན། །

ཁབ་ཏུ་བཞེས་ཏེ་གདུང་རྒྱུད་སྤེལ། །

གདུང་སྲས་ཕོ་མོ་བཅུ་བདུན་བྱུང་། །

དྷརྨ་པཱ་ལ་ནི། འགྲོ་མགོན་ཕྱག་ནའི་སྲས་ཡིན། འགྲོ་མགོན་ཆོས་འཕགས་སྐུ་གཤེགས་པ་དང་ས་སྐྱའི་སྲིད་ཁྲི་ལ་གདུང་སྲས་རྣམས་རྩོད། གཅུང་ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་དགུང་ལོ་བཅུ་དགུ་ཕེབས་ཀྱང་འགྲོ་མགོན་ཕྱག་ནའི་ཕྱོགས་ཀྱིས་ས་སྐྱའི་གདུང་སྲས་ཡིན་མིན་དོགས་གཞི་ཡོད་ཚུལ་སོག་རྒྱ་ཁུ་པི་ལེར་ཞུས་པས། ཁུ་པི་ལེས་བཟང་པོ་དཔལ་རེ་ཞིག་རྒྱ་ཡུལ་དུ་གདན་དྲངས་ཏེ་ཁྲི་ལས་བཤོལ། དྷརྨ་པཱ་ལ་དགུང་ལོ་བཅུ་གསུམ་ཅན་ཁྲི་ལ་བཀོད། དེའི་ཕྱི་ལོར་ཧོར་ཡུལ་དུ་ཕེབས་ཏེ་ལོ་ལྔ་ཙམ་མེ་ཏོག་ར་བར་བཞུགས། དགུང་ལོ་ཉི་ཤུ་བཞེས་པ་མེ་ཕག་སྤྱི་ལོ་1287ལོར་བོད་ལ་ཕྱིར་ཕེབས་པའི་ལམ་བར་མདོ་ཁམས་ཏྲེ་མཎྜལ་ཞེས་པའི་ས་ཆར་ཟས་དུག་གིས་སྐུ་གཤེགས། སྐབས་དེ་ས་སྐྱའི་གདུང་རྒྱུད་གཞན་མེད་པས་ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་ས་སྐྱའི་སྲིད་དབང་ལོ་བཅུ་དགུ་ཙམ་བསྐྱངས། །

བཟང་པོ་དཔལ་ནི། འཁོན་ས་སྐྱའི་གདུང་རྒྱུད་ཉག་ཕྲ་བ་ཙམ་བྱུང་བའི་དུས་སུ་བདག་ཉིད་ཆེན་པོ་སྨན་རྩེ་སྟེ་ད་ལྟ་སུའུ་ཀྲོའུ་ཡུལ་དེར་རེ་ཞིག་བཞུགས། དེ་རྗེས་ཧང་ཀྲོའུའི་གྲོང་ཁྱེར་ཆེན་པོ་དེར་རྣལ་འབྱོར་གྱི་ཚུལ་དུ་བཞུགས་ཤིང་རྒྱ་མོ་ཞིག་དང་བཤོས་པར་སྲས་ཤིག་འཁྲུངས། རྒྱལ་པོའི་བཀའ་ཆད་ཡོང་བར་དོགས་ཤིང་བཞུགས་པའི་སྐབས་དེར། ཡར་འབྲོག་གི་དཔོན་ཆེན་ཨག་ལེན་དང༌། ཁམས་པ་དཔོན་ནག་སོགས་ཀྱིས་དོ་ཁུར་ཆེན་པོས། ཧོར་གོང་མ་ཁུ་པི་ལེ་ལ་བདག་ཉིད་ཆེན་པོ་གདན་དྲངས་ཆོག་པའི་སྙན་ཞུ་ཕུལ་མཐར་རབ་བྱུང་ལྔ་པའི་མེ་བྱ་སྤྱི་ལོ་1297ལོར་བཟང་པོ་དཔལ་རྒྱ་ནག་སྨན་རྩེ་ནས་གོང་མའི་དྲུང་དུ་གདན་དྲངས། ཡོན་གོང་མས་གནང་སྦྱིན་དང་བཅས་གདུང་རྒྱུད་སྤེལ་ཆོག་པའི་ལུང་གནང༌། ས་སྐྱའི་སྲིད་བསྐྱང་དགོས་པའི་བཀའ་ཕབ། རབ་བྱུང་ལྔ་པའི་ས་ཁྱི་ལོར་ས་སྐྱར་ཕེབས་ཏེ་གདན་སའི་ཁུར་བཞེས། གདུང་རྒྱུད་སྤེལ་བའི་ཆེད་དུ་སྔར་སྨན་རྩེའི་ཡུལ་གྱི་རྒྱ་མོ་དེ་མ་བརྩིས་པའི་བཙུན་མོ་དྲུག་ཁབ་ཏུ་བཞེས་པ་ནི། གོང་མས་གནང་བའི་ཇོ་མོ་ཧོར་མོ་དང༌། ཡར་འབྲོག་གི་ཇོ་མོ་མང་མཁར་ཀུན་དགའ་འབུམ། གཞན་ཡང་ཀུན་དགའ་ནམ་མཁའ་རྒྱན། ནམ་མཁའ་རྒྱལ་མོ། རེ་མདའ་མ་ཉི་མ་རིན་ཆེན། ཞལ་ལུ་མ་གཞོན་ནུ་འབུམ་རྣམས་སོ། བཙུན་མོ་དྲུག་ལ་སྲས་དང་སྲས་མོ་བཅུ་དྲུག་འཁྲུངས། དགུང་ལོ་ང་གཉིས་པར་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་དུ་ཨ་མོ་གྷ་ཛར་ཞེས་གསོལ། །

ཁྲི་འཛིན་འགྲོ་མགོན་ཆོས་འཕགས་དང་། །

རིན་ཆེན་རྒྱལ་མཚན་དྷརྨ་པཱ། །

འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། །

བདག་ཉིད་ཆེན་པོ་བཟང་པོ་དཔལ། །

མཁས་བཙུན་ནམ་མཁའ་ལེགས་པ་དང་། །

འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་། །

བླ་མ་བསོད་ནམས་རྒྱལ་མཚན་བཅས། །

ས་སྐྱའི་ཁྲི་འཛིན་རྣམ་བརྒྱད་ཀྱིས། །

སྲིད་དབང་ལོ་ངོ་གྱ་ལྔར་བཟུང་། །

དཔོན་ཆེན་ཉི་ཤུ་རྩ་གཉིས་བྱུང་། །


1.ས་སྐྱའི་ཁྲི་འཛིན་དང་པོ། འགྲོ་མགོན་ཆོས་རྒྱལ་འཕགས་པ། སྤྱི་ལོ་1265ལོ་ནས་སྤྱི་ལོ་1280ལོའི་བར་སྲིད་དབང་བཟུང་། སྤྱི་ལོ་1265པའི་ཤིང་གླང་ལོར་འགྲོ་མགོན་ཆོས་འཕགས་བོད་དུ་ཕེབས་ནས་བོད་ཁམས་ཡོངས་ལ་དབང་བསྒྱུར་བྱེད་པའི་སྲིད་གཞུང་བཙུགས། རབ་བྱུང་ལྔ་པའི་མེ་ཡོས་སྤྱི་ལོ་1267ལོར་སླར་ཡང་འགྲོ་མགོན་འཕགས་པ་ཧོར་ཡུལ་དུ་གདན་འདྲེན་ཞུ་བའི་གསེར་ཡིག་པ་ནན་ཆེར་བཏང༌། དུས་དེར་ལས་ཚན་བཅུ་གསུམ་གྱི་གྲ་སྒྲིག་མཛད་ནས་པེ་ཅིང་དུ་ཕེབས། སེ་ཆེན་གོང་མས་ཕོ་བྲང་ཆེན་མོར་མཇལ་འཕྲད་གནང༌། ཧོར་ཡིག་གསར་པ་བཟོས་པའི་ཡིག་ཕུད་ཕུལ་པས་གོང་མ་ཐུགས་ཤིན་ཏུ་དགྱེས་བཞིན། རབ་བྱུང་ལྔ་པའི་ཤིང་ཁྱི་སྤྱི་ལོ་1274ལོར་འགྲོ་མགོན་འཕགས་པ་པེ་ཅིང་ནས་ཡར་ཕེབས་པའི་སྐབས་སུ་གོང་མ་སེ་ཆེན་གྱིས་ཐུགས་འབྲལ་མི་ཕོད་པ་ལྟ་བུའི་སྣང་བ་འཁྲུངས་ཏེ་སྐྱེལ་ཐུང་ལ་ཕེབས་པ་ཞག་ནས་ཟླ་བ་སྤར་ཏེ། མཚོ་སྔོན་གྱི་རྨ་ཆེན་སྦོམ་རའི་འདབས་ཞོལ། རྨ་ཆུ་ཁུག་པའི་ས་ཆ་བར་དུ་སྐྱེལ་མ་གནང་བར་གྲགས་ཤིང༌། ད་དུང་རྒྱལ་སྲས་ཇིམ་གྱིམ་འཁོར་དང་བཅས་པ་ས་སྐྱའི་གདན་ས་བར་དུ་ཕེབས་སྐྱེལ་དུ་མངགས་པར་མཛད། རབ་བྱུང་ལྔ་པའི་མེ་བྱི་སྤྱི་ལོ་1276ལོར་ས་སྐྱར་ཕེབས། སྤྱི་ལོ་1277ལོར་འགྲོ་མགོན་འཕགས་པས་དགེ་འདུན་པ་ཁྲི་བདུན་ལ་ཞལ་ཟས་དང་འགྱེད་གནང་། སྐྱ་སེར་འདུས་པ་འབུམ་ཚོ་གཅིག་ལྷག་ལ་ཟླ་བ་ཕྱེད་ཙམ་གྱི་རིང་ཆོས་གསུངས་པར་ཆུ་མིག་ཆོས་འཁོར་ཞེས་པ་དེ་བྱུང་། དུས་དེར་དཔོན་ཆེན་ཀུན་དགའ་བཟང་པོས་ས་སྐྱའི་དཔོན་ཆེན་མཛད་བཞིན་ཡོད་ཅིང༌། ས་སྐྱའི་དཔོན་རིགས་ནང་ཁུལ་དུ་སྲིད་དབང་འཕྲོག་རེས་བྱེད་པའི་འཐབ་རྩོད་རྣོ་ངར་ལྡན་པར་གྱུར་ཏེ། འཕགས་པའི་ཉེ་གནས་སོགས་ས་སྐྱའི་དཔོན་རིགས་ཁག་གཅིག་གིས་འགྲོ་མགོན་འཕགས་པའི་མིང་ཐོག་ནས་སེ་ཆེན་གོང་མ་ལ་སྙན་ཞུ་ཕུལ་ཏེ། དཔོན་ཆེན་ཀུན་དགའ་བཟང་པོས་སེ་ཆེན་གོང་མ་དང༌། འགྲོ་མགོན་འཕགས་པ་ལ་ལྷག་བསམ་རྣམ་དག་མེད་ལུགས་སྐོར་དབྱེན་སྦྱོར་དཀྲུག་ཤིང་མང་དུ་བྱས། སེ་ཆེན་གོང་མས་དམག་དཔོན་ཆེན་པོ་གཉིས་དང་དམག་དཔུང་ཁག་གཅིག་བོད་དུ་བཏང༌། གོང་མའི་དམག་དཔུང་གིས་ཕོ་རོག་རྫོང་ཕབ། དྲག་ཤུགས་ཆེན་པོས་དཔོན་འབངས་ཕལ་ཆེར་མནན། སྐབས་དེར་འཕགས་པའི་ཉེ་གནས་ཀྱིས་ཧོར་དམག་དྲངས་པ་བླ་མ་འཕགས་པས་མཁྱེན་པར་དོགས་ནས་འགྲོ་མགོན་འཕགས་པ་ལ་ལྐོག་དུག་དྲངས་ནས་བཀྲོངས། གོང་མའི་དམག་གིས་འགྲོ་མགོན་འཕགས་པ་བཀྲོངས་མཁན་དཔོན་ཆེན་ཀུན་དགའ་བཟང་པོ་ཡིན་པར་བསྙོན་བཏང་ནས་འཛིན་བཟུང་བྱས། དཔོན་ཆེན་ཀུན་དགའ་བཟང་པོས་ཡིན་མིན་གྱི་གནས་ལུགས་རྣམས་ཞིབ་གསལ་ཞུས་ཀྱང་གོང་མའི་དམག་དཔོན་རྣམས་ཀྱིས་དཀར་ནག་དབྱེ་བ་མ་ཕྱེས་པར་རབ་བྱུང་ལྔ་པའི་ལྕགས་སྦྲུལ་སྤྱི་ལོ་1281ལོར་བྱ་རོག་རྫོང་དུ་དཔོན་ཆེན་ཀུན་དགའ་བཟང་པོ་དམར་གསོད་བྱས། །


2.ས་སྐྱའི་ཁྲི་འཛིན་གཉིས་པ། རིན་ཆེན་རྒྱལ་མཚན་ནི། 1267-1275 འགྲོ་མགོན་འཕགས་པ་པེ་ཅིང་དུ་བཞུགས་རིང་ས་སྐྱའི་ཁྲི་ཚབ་བྱས། །


3. ས་སྐྱའི་ཁྲི་འཛིན་གསུམ་པ། དྷརྨ་པཱ་ལ། སྤྱི་ལོ་1280ལོ་ནས་1287ལོའི་བར་ཁྲི་འཛིན་གནང་། དགུང་ལོ་བཅུ་གསུམ་པར་འགྲོ་མགོན་འཕགས་པ་འདས་ནས་གདན་སའི་ཁུར་བཞེས། དེའི་ཕྱི་ལོར་ཧོར་ཡུལ་དུ་ཕེབས་ཏེ་གོང་མ་སེ་ཆེན་དང་མཇལ་པས་ཐུགས་ཤིན་ཏུ་མཉེས། ལོ་ལྔ་ཙམ་རིང་མེ་ཏོག་ར་བར་བཞུགས་ཤིང་བླ་མ་འཕགས་པའི་གདུང་རྟེན་ཤེལ་གྱི་མཆོད་རྟེན་བཞེངས། ས་སྐྱའི་དཔོན་ཆེན་གྱི་གོ་གནས་གནང༌། སྤྱི་ལོ་1281ལོར་ཧོར་དམག་གིས་བྱ་རོགས་རྫོང་བཅོམ། དཔོན་ཆེན་ཀུན་དགའ་བཟང་པོ་བཀྲོངས། སྤྱི་ལོ་1285ལོར་ས་འབྲི་འཁྲུག། འབྲི་གུང་ཚུལ་རྒྱལ་གྱིས་དམག་དྲངས་ཏེ་ས་སྐྱའི་ཁོངས་གཏོགས་བྱ་ཡུལ་དགོན་པ་མེར་བསྲེགས། མཁན་པོ་སངས་རྒྱས་གཙང་སྟོན་བཀྲོངས་ཤིང༌། དེ་མིན་གྲྭ་པ་དགུ་ཙམ་བསད། འབྲི་གུང་པའི་སྐུ་ཞང་ཚུལ་རྒྱལ་པ་ཕ་བུ་སོགས་མི་འགའ་ཞིག་ཀྱང་བསད་པ་བཅས་ས་འབྲི་བར་གྱི་འགལ་བ་དེ་སྔ་ལས་རྣོ་ངར་ཇེ་ཆེར་གྱུར། དགུང་ལོ་ཉི་ཤུ་བཞེས་པ་མེ་ཕག་སྤྱི་ལོ་1287ལོར་བོད་ལ་ཕྱིར་ཕེབས་པའི་ལམ་བར་མདོ་ཁམས་ཏྲེ་མཎྜལ་ཞེས་པའི་ས་ཆར་ཟས་དུག་གིས་སྐུ་གཤེགས།


4. ས་སྐྱའི་ཁྲི་འཛིན་བཞི་པ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། སྤྱི་ལོ་1287ལོ་ནས་སྤྱི་ལོ་1305ལོའི་བར་ཁྲི་འཛིན་གནང་། སྤྱི་ལོ་1290ལོར་ས་སྐྱས་འབྲི་གུང་པར་དམག་བརྒྱབ་སྟེ་འབྲི་གུང་མཐིལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེགས་པ་དང༌། སྐྱ་སེར་བསྡོམས་པས་མི་གྲངས་ཁྲི་གཅིག་ལྷག་ཙམ་གྱི་སྲོག་ཤོར་བར་གྲགས་པའི་འབྲི་གུང་གླིང་ལོག་ཅེས་པ་དེ་བྱུང་། དེ་ནས་ཡར་འབྲོག་གི་དཔོན་ཆེན་ཨག་ལེན་དང༌། ཁམས་པ་དཔོན་ནག་སོགས་ཀྱིས་འབད་བརྩོན་དང་དོ་ཁུར་ཆེན་པོ་བྱས་ཏེ་ས་སྐྱའི་བཀའ་བགྲོས་པ་རྣམས་གྲོས་བསྡུས་ཐོག་རབ་བྱུང་ལྔ་པའི་ས་ཁྱི་སྤྱི་ལོ་1298ལོར་ས་སྐྱའི་གདུང་བརྒྱུད་སྤེལ་བའི་ཆེད་དུ་བདག་ཉིད་ཆེན་པོ་བོད་དུ་གདན་དྲངས། རེ་ཞིག་ལྷ་ཁང་བླ་བྲང་དུ་བཞུགས་ནས་གསན་བསམ་མཛད། གདུང་རྒྱུད་སྤེལ་བའི་ཆེད་དུ་སྔར་སྨན་རྩེའི་ཡུལ་གྱི་རྒྱ་མོ་དེ་མ་བརྩིས་པའི་བཙུན་མོ་དྲུག་ཁབ་ཏུ་བཞེས་པ་ནི། གོང་མས་གནང་བའི་ཇོ་མོ་ཧོར་མོ་དང༌། ཡར་འབྲོག་དཔོན་ཆེན་ཨག་ལེན་གྱིས་ཕུལ་པའི་ཇོ་མོ་མང་མཁར་ཀུན་དགའ་འབུམ། གཞན་ཡང་ཀུན་དགའ་ནམ་མཁའ་རྒྱན། ནམ་མཁའ་རྒྱལ་མོ། རེ་མདའ་མ་ཉི་མ་རིན་ཆེན། ཞལ་ལུ་མ་གཞོན་ནུ་འབུམ་རྣམས་སོ། །


5.ས་སྐྱའི་ཁྲི་འཛིན་ལྔ་པ། བདག་ཉིད་ཆེན་པོ་བཟང་པོ་དཔལ། སྤྱི་ལོ་1306ལོ་ནས་སྤྱི་ལོ་1324ལོའི་བར་ཁྲི་འཛིན་གནང་། ས་སྐྱའི་གདུང་རྒྱུད་སྤེལ་བའི་ཆེད་དུ་བདག་ཉིད་ཆེན་པོ་སྤྱི་ལོ་1298ལོར་དུ་གདན་དྲངས། བཙུན་མོ་ལྔ་དང་། གོང་མས་གནང་བའི་ཧོར་མོ། སྔར་ཡོད་པའི་རྒྱ་མོ་བཅས་བཙུན་མོ་བདུན་བསུས། བསྡོམས་པས་སྲས་དང་སྲས་མོ་བཅུ་དགུ་ཙམ་འཁྲུངས་པར་གསལ།

ཁྲི་འཛིན་འདིའི་སྐབས་སུ་གཡའ་ཕག་བར་འཁྲུག་རྩོད་ཤུགས་ཆེར་ཕྱིན། ལྷག་པར་སྤྱི་ལོ་1315ལོ་ཡས་མས་ཙམ་ནས་ཁྲི་དཔོན་རྒྱལ་མཚན་སྐྱབས་ཀྱི་སྐབས་སུ་ཕག་གྲུའི་ཁོངས་ཀྱི་ས་གནད་ཆེ་བ་གོ་མལ་བསྒྱེལ་བ་དང༌། འབྲས་མོ་ལ་སོགས་པ་གཡའ་བཟང་པས་འཕྲོག་པ་བཅས་གཡའ་ཕག་གཉིས་པོ་འགལ་བ་རྒྱུན་མ་ཆད་པ་ཞིག་བྱུང་ཡོད། སྤྱི་ལོ་1322ལོར་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་བསྐོས། །


6. ས་སྐྱའི་ཁྲི་འཛིན་དྲུག་པ། མཁས་བཙུན་ནམ་མཁའ་ལེགས་པ། 【  གཞི་ཐོག་བླ་བྲང་གི་བདག་པོ་བཙུན་མོ་ནམ་མཁའ་རྒྱལ་མོའི་སྲས་ཆེ་བ། 】   སྤྱི་ལོ་1324ལོ་ནས་སྤྱི་ལོ་1243ལོའི་བར་ཁྲི་འཛིན་གནང་། སྤྱི་ལོ་1329ལོ་ཙམ་ན་ཧོར་གཞོན་ནུ་བཟང་པོ་སྣེའུ་གདོང་གི་ནང་གཉེར་ལ་བསྐོས། བྱང་ཆུབ་རྒྱལ་མཚན་དང་དགོངས་པ་གཅིག་མཐུན་གྱིས་ལས་ཀ་བསྒྲུབས་པས་ཕག་གྲུའི་མངའ་ཐང་རྒྱས་པའི་འགོ་ཚུགས། སྤྱི་ལོ་1332ལོ་ཙམ་ན་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ཀྱིས་སྔར་ཕག་གྲུའི་མངའ་འབངས་དང་ས་ཞིང་གཡའ་བཟང་པས་བདག་བཟུང་བྱས་པ་རྣམས་ཚུར་བླངས་པས་སླར་ཡང་གཡའ་ཕག་བར་ཁ་མཆུ་ལངས། ས་སྐྱ་དཔོན་ཆེན་གྱིས་དྲང་བདེན་མ་བྱས་པར་མངའ་འབངས་དང་ས་ཞིང་རྒྱུ་ནོར་རྣམས་གཡའ་བཟང་པ་ལ་ཕྱིར་སྤྲད་དགོས་པའི་བཀའ་ཐག་བཅད། དེ་ནས་གཡའ་ཕག་གཡུལ་བཀྱེད་པས་ཕག་གྲུ་པ་ཕམ། ཡང་ས་སྐྱའི་དཔོན་ཆེན་དབང་ཕྱུག་དཔལ་པའི་དྲུང་དུ་གཡའ་བཟང་པ་དང་ཕག་གྲུ་གཏུག་གཤེར་བྱས། ས་སྐྱའི་དཔོན་ཆེན་གྱིས་གཡའ་བཟང་གི་ཕྱོགས་བྱས་ནས་ཁྲིམས་ཐག་འཁྱོག་གཅོད་བྱས་པས་གཡའ་བཟང་པ་རྒྱལ།


7. ས་སྐྱའི་ཁྲི་འཛིན་བདུན་པ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། 【རིན་ཆེན་སྒང་བླ་བྲང་གི་བདག་པོ་བཙུན་མོ་ཞལ་ལུ་མ་གཞོན་ནུ་འབུམ་གྱི་སྲས་གཉིས་པ། 】སྤྱི་ལོ་1343ལོ་ནས་སྤྱི་ལོ་1344ལོའི་བར་ལོ་གཅིག་ཁྲི་འཛིན་གནང་། དུས་འདི་ཙམ་ན་ས་སྐྱའི་དཔོན་ཆེན་གྱིས་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་བཙོན་དུ་བཟུང་ནས་མནར་གཅོད་བྱས། གཞོན་ནུ་བཟང་པོ་སོགས་བློན་ཆེན་རྣམས་ཀྱིས་སྣེའུ་གདོང་གི་དབང་ཤུགས་བརྟན་པོར་བཟུང་ཐུབ་པས་མཐར་ཁྲི་དཔོན་བཙོན་ལས་ཐར། ས་སྐྱ་ལ་དགྲ་ལེན་བྱ་རྒྱུའི་གྲོས་འཆམ་བྱུང་། །


8. ས་སྐྱའི་ཁྲི་འཛིན་བརྒྱད་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། 【རིན་ཆེན་སྒང་བླ་བྲང་གི་བདག་པོ་བཙུན་མོ་ཞལ་ལུ་མ་གཞོན་ནུ་འབུམ་གྱི་སྲས་གསུམ་པ། 】སྤྱི་ལོ་1344ལོ་ནས་སྤྱི་ལོ་1354ལོའི་བར་ཁྲི་འཛིན་གནང། སྤྱི་ལོ་1346ལོར་ས་སྐྱ་པས་ཕག་གྲུ་ལ་དམག་དྲངས། དམག་འཁྲུག་བྱས་པ་ས་དམག་ཕམ། སྤྱི་ལོ་1348ལོར་ཕག་གྲུས་ཚལ་པའི་ཁྲི་དཔོན་དབང་དུ་བསྡུས། སྤྱི་ལོ་1349ལོར་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་དམག་དཔོན་བྱས་ནས་དབུས་གཙང་ཕལ་ཆེར་དབང་དུ་བྱས། སྤྱི་ལོ་1354ལོར་ས་སྐྱའི་སྲིད་དབང་གི་མཇུག་རྫོགས།

ངེས་དོན་མཐར་ཐུག་ཇོ་ནང་པ། །

ཡན་ལག་གསུམ་ལྡན་བསྙེན་སྒྲུབ་པ། །

འབུམ་ཕྲག་གསུམ་བརྒྱུད་བོ་དོང་པ། །

དུས་ཀྱི་འཁོར་ལོའི་འཆད་ཉན་འཕེལ། །


ཇོ་ནང་པའི་གྲུབ་མཐའ་ནི། མདོ་ལུགས་ལ་དབུ་གཞན་སྟོང་དང་། སྔགས་ལུགས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་རྩལ་དུ་བཏོན་ནས་ཉམས་བཞེས་གནང་པ་ཞིག་ཡིན། ཐོག་མར་རབ་བྱུང་དང་པོའི་ནང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ། ཡུ་མོ་མི་བསྐྱོད་རྡོ་རྗེ་སྟེ། དང་པོ་རྣལ་འབྱོར་པ། ཕྱིས་རབ་ཏུ་བྱུང་ནས་མཚན་དད་པ་རྒྱལ་པོར་གསོལ། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་ཆོས་འགའ་ཞིག་གསན། དེ་ནས་འུ་ཡུག་ཏུ་བྱོན་ནས་གཞན་སྟོང་གི་ལྟ་བ་ཐུགས་ལ་ཤར། དེའི་སློབ་རྒྱུད་ནི། གདུང་སྲས་ཆོས་ཀྱི་དབང་ཕྱུག བུ་ཆེན་ནམ་མཁའ་འོད་ཟེར། སྐུ་ཚ་སེ་མོ་བ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་རྣམས་ལས་རིམ་པར་བརྒྱུད་།

ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སྤྱི་ལོ་1243ལོར་འཁྲུངས། སྤྱི་ལོ་1313ལོ་གཤེགས། ཇོ་མོ་ནང་དུ་དགོན་པ་བཏབ། དོལ་བུ་པ་དེ་རུ་བཞུགས་ནས་གྲུབ་མཐའ་འདི་རྒྱ་ཆེར་སྤེལ་བ་དེ་ནས་བཟུང་དེའི་ཆོས་རྒྱུད་རྣམས་ལ་ཇོ་ནང་པ་ཞེས་གྲགས། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་འདིར་རིགས་ལྡན་སྤྲུལ་པ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་མཙུན་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་པོ་པ། ཀུན་སྤངས་ཆོས་གྲགས་པ། ཉ་དབོན་ཀུན་དགའ་དཔལ། བྱམས་པའི་སྤྲུལ་པ་ས་བཟང་མ་ཏི་པཎ་ཆེན་སོགས་ཉེ་སྲས་བརྒྱད་ཀྱི་རྣམ་འཕྲུལ་དུ་གྲགས་པ་ཇོ་ནང་གི་མཁས་གྲུབ་མང་པོ་ཞིག་བྱུང་ཡོད་ཅིང་སྐབས་དེར་ཇོ་ནང་གི་བསྟན་པ་དར་བའི་སྒང་ཡིན། དེ་ལས་ཀུན་སྤངས་པ་དང་། བྱང་སེམས་པ། མཁས་བཙུན་པ་གསུམ་ལ་ཇོ་ནང་གོང་མ་ཡབ་སྲས་གསུམ་ཡང་ཟེར།


གཞན་སྟོང་གི་ལྟ་བ་ནི་མཁས་གྲུབ་དུ་མས་བཀག་པས་བག་ལ་ཞ་བར་གྱུར་ནའང༌། ཕྱིས་སུ་ཇོ་ནང་ཀུན་དགའ་གྲོལ་མཆོག་དང༌། ཁྱད་པར་དུ་གྲོལ་མཆོག་གི་ཡང་སྲིད་ཏཱ་ར་ནཱ་ཐས་བསྐྱར་གསོས་མཛད་ནས་འཆད་སྤེལ་དང་ཡིག་ཆ་ཡང་མང་དུ་མཛད། རྟག་བརྟན་ཕུན་ཚོགས་གླིང་བཏབ་ནས་རྟེན་བཞེངས་དཔེ་བྲལ་དང༌། ཇོ་ནང་ལུགས་ཀྱི་བསྟན་བཅོས་དུ་མའི་པར་ཤིང་བསྐྲུན། ཚོགས་པའང་མང་དུ་འདུས། རིན་སྤུངས་སྡེ་པ་ཀརྨ་བསྟན་སྐྱོང་དབང་པོ་དང་ཡོན་མཆོད་དུ་གྱུར་པས་ལུགས་གཉིས་ཀྱི་ཆ་ནས་གཟི་བརྗིད་ཆེ་ཙམ་བྱུང༌། སྤྱི་ལོ་1642ལོར་དགའ་ལྡན་ཕོ་བྲང་བཙུགས་རྗེས་གོང་ས་ལྔ་པ་ཆེན་པོས་ཇོ་ནང་པའི་དགོན་པ་རྟག་བརྟན་ཕུན་ཚོགས་གླིང་གི་དགོན་པ་དགེ་ལུགས་པར་བསྒྱུར་ནས་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས། སྐབས་དེར་ཇོ་ལུགས་ཀྱི་དཔེ་རྒྱུན་མེད་པར་བྱེད་པའི་ཆེད་དུ་རྟག་བརྟན་ཕུན་ཚོགས་གླིང་གི་པར་ཤིང་རྣམས་མེར་བསྲེགས་ཀྱང༌། བླ་གྲྭ་རྣམས་མདོ་སྨད་དུ་བྲོས་བྱོལ་ཕེབས་གསུང་རབ་རྣམས་ལྷན་ཏུ་ཁྱེར་ནས་ཕྱིན་སྟབས། དེང་དུས་ཛམ་ཐང་ཕྱོགས་སུ་ཇོ་ནང་པའི་མཁས་གྲུབ་གོང་མ་རྣམས་ཀྱིས་མཛད་པའི་ལྟ་གྲུབ་ཀྱི་རྣམ་གཞག་སྐོར་དང་གསུང་འབུམ་ཕལ་ཆེར་མ་ཉམས་པར་བཞུགས་ཡོད། དུས་དེར་ཇོ་ནང་ཀུན་མཁྱེན་གྱི་སློབ་མ་དྲུང་བཀའ་བཞི་པ་རིན་ཆེན་དཔལ་གྱིས་མདོ་ཁམས་འཛམ་ཐང་དུ་དགོན་པ་བཏབ་ནས་དེར་བཞུགས་པ་དང་། དེ་ལས་འཕེལ་པའི་དགོན་ལག་རྣམས་འཛམ་ཐང་དང་མགོ་ལོག་གི་ཕྱོགས་སུ་ཁྱབ་ཡོད། ལོ་རྒྱུས་ཐོག་གྲུབ་མཐའ་འདིའི་ཆོས་རྒྱུན་གྱི་འཕྲིན་ལས་འཕེལ་པའི་གདན་ས་གཙོ་བོ་ནི་དབུས་ཕྱོགས་ཀྱི་རྟག་བརྟན་ཕུན་ཚོགས་གླིང་དང༌། མདོ་སྨད་ཕྱོགས་ཀྱི་ཛམ་ཐང་དགོན་པ་དང་གཙང་པ་དགོན་བཅས་ཡིན། ། 

( དེབ་གོང་མར་མཐུད། )



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1