ཞི་ཅིན་ཕིང་གིས་ས་དི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-17


        སྤྱི་ཟླ་3པའི་ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ས་དི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་གྲོས་མོལ་མཛད།
        ཞི་ཅིན་ཕིང་གིས་བདག་གིས་ན་ནིང་ས་དི་ཨ་རབ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་སྐབས་རྒྱལ་བོ་སཱ་ལེ་མན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་མཉམ་ལས་ལ་ཤུགས་སྣོན་བྱེད་པར་བཏོན་པའི་ཐུན་མོང་གི་ལྟ་ཚུལ་གང་མང་རིམ་བཞིན་ལག་བསྟར་བྱེད་བཞིན་ཡོད་པས་ང་རང་དགའ་སྤྲོ་སྐྱེས་པ་ཡིན། ཀྲུང་གོ་དང་ས་དི་ཨ་རབ་བར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་སྦས་ཤུགས་དང་ཆ་རྐྱེན་བཟང་བོ་ལྡན་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དམ་འཛིན་བྱས་ཏེ། ཀྲུང་གོ་དང་ས་དི་ཨ་རབ་བར་གྱི་འབྲེལ་བའི་ཐད་ལ་སྔར་ལས་མཛེས་པའི་མ་འོངས་བ་མཉམ་སྐྲུན་བྱ་དགོས། ཀྲུང་གོས་སྔོན་ཆད་དང་འདྲ་བར་ས་དི་ཨ་རབ་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་སྐྱོད་པར་རྒྱབ་སྐྱོར་བྱེད་པ་དང་། ས་དི་ཨ་རབ་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ས་དི་ཨ་རབ་ཀྱིས་ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་བཏོན་པར་རྒྱབ་སྐྱོར་བྱ་ངེས་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རིག་གནས་དང་སློབ་གསོ། འཕྲོད་བསྟེན། ཚན་རྩལ། གནས་སྐོར། གསར་འགྱུར། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་དགོས་ཞེས་བསྟན།  
        སཱ་ལེ་མན་གྱིས་ས་དི་ཨ་རབ་དང་ཀྲུང་གོའི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་སུ་སོང་བར་ང་རང་ཧ་ཅང་ཡིད་ཚིམ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ས་དི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་ནུས་པ་ཆེན་པོ་བཏོན། ས་དི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དབུས་ཤར་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་འདོན་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་དང་ས་གནས་ཀྱི་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1