གཙོ་ངོས།>> དམངས་སྲོལ།>>དུས་ཆེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༣༡ཉིན།

༄༅།། འབྲོག་པའི་གླང་ཟླའི་བཞི་རྒྱལ་གྱི་དུས་ཆེན།

        དེ་རིང་ནི་གླང་ཟླའི་བཞི་རྒྱལ་ཞེས་པ་འབྲོག་པའི་ལྷ་གསོལ་གྱི་དུས་ཆེན་ཆེ་ཤོས་ཤིག་ཡིན་པ་དང་། དུས་ཆེན་དེའི་ཆེད་དུ་འབྲོག་མི་དག་གིས་རས་ཁ་དོག་སྣ་ཚོགས་རླུང་རྟའི་རིགས་སམ། ཡང་ན་དར་རྒོད་ཀྱི་སྣེར་རས་དཀར་དམར་ལྗང་སེར་དག་གིས་བརྒྱན་པ་མང་དུ་བཟོ་སྲོལ་ཡོད། གླང་ཟླའི་ཚེས་བཞིའི་ཉིན་འབྲོག་མི་སྐྱེས་པ་རྣམས་ཀྱིས་བོག་རྭ་(མེ་མདའི་རྭ། )ལ་དར་རྒོད་ཀྱིས་བརྒྱན་པའི་རྩེ་མོར་གོས་ཆེན་གྱིས་བཟོས་པའི་བསང་ཁུག་ཆུང་ངུ་རེ་བཏགས་ཏེ་རི་མགོར་འགྲོ། བསང་ཁུག་ནང་གི་བསང་རྩི་ལ་རྩམ་པ་དང་མར། ཇ། ཡོས་ཁྲ་དཀར་ནག་འབྲུ་སྣའི་རིགས། ཕྱུར་ར། གྲོ་མ། རིན་ཆེན་ཕྱེ་མ་བཅས་ཡོད། སྐྱེ་བོ་དེ་དག་ལྷ་རིའི་རྩེའམ་གཞི་བདག་ཆེ་ཁག་གི་ཞོལ་སོགས་ལྷ་གསོལ་གྱི་འདུ་གནས་གང་ཡིན་དེར་འབྱོར་རྗེས་ཡུལ་དེའི་བླ་གྲྭ་རྣམས་ཀྱིས་ལྷ་བསང་གི་ཆོ་ག་དང་འབྲེལ་བའི་སངས་མཆོད་རྒྱས་པར་འབུལ་ཞིང་། དམིགས་བསལ་ཡུལ་ལྷ་ལ་བསང་མཆོད་འབུལ་བའི་མཚམས་དེར་འབྲོག་མི་རང་རང་གིས་ཁྱེར་བའི་བསང་རྩི་བསང་ནང་དུ་འབུལ་བ་དང་ལྷན་དུ་ཀི་བསྭོ་དིར་དིར་གྱི་སྒོ་ནས་སོ་སོའི་འདོད་པ་ལྟར་ཁ་སྨོན་མི་འདྲ་བ་སྣ་ཚོགས་འབོད་སྲོལ་ཡོད།
        དེ་ལྟར་བསངས་མཆོད་ཕུལ་ཟིན་མ་ཐག་ཏུ་སྐྱེ་བོ་དེ་དག་གིས་རྟ་བཞོན་ཏེ་ལབ་རྩེའི་འགྲམ་དུ་འགྲོ་ཞིང་། དེར་རླུང་རྟ་རྣམས་སྒྲོན་པ་དང་ལྷན་དུ་སྐད་གསང་མཐོན་པོས་ཁ་སྨོན་འདི་སྐད་དུ། ལྷ་གསོལ་ལོ།། ལྷ་གསོལ་ལོ།། གཡས་ཀྱི་སྟག་ལྷ་ཁྲ་བོ།། གཡོན་གྱི་གཟེག་ལྷ་ཁྲ་མོ།། བར་གྱི་ལབ་རྩེ་ཁྲ་བོ།། སྲིད་པ་ཆགས་པའི་ལྷ་རབས།། སྐྱེས་པ་ཕོ་ཡི་དགྲ་ལྷ།། དཔའ་བོ་ཁྲ་གླག་སྤྱང་གསུམ།། འབྱུང་བ་ལྔ་ཡི་ལྷ་བོ།། རླུང་ལྷའི་མི་བོ་མཆེད་ལྔ།། གཡས་རི་སྟག་གི་མདེལ་རྫི།། གཡོན་རི་ཟ་མའི་བུ་རྫི།། ཉིན་སྲིབ་སོ་ཁའི་བདག་པོ།། མཐོན་པོ་གནམ་གྱི་གུང་རྒྱལ།། ཞེས་སོགས་བསང་མཆོད་མི་འདྲ་བ་མང་བོ་ཡོད།

        དེ་ལྟར་རླུང་རྟ་ཕུལ་ཟིན་མ་ཐག་ཏུ་མགྱོགས་པོར་བསང་ཁྲིའི་དྲུང་དུ་ལོག་ཅིང་། རྟ་རྣམས་ཁྲིད་པ་དང་། གྲི་དང་མེ་མདའ་རྣམས་ལག་ལ་ཁྱེར་ཏེ་ཀི་བསྭོ་ཆ་སྒྲ་དང་བཅས་པས་ལྷ་བསང་ནས་གཡས་བསྐོར་ལན་གསུམ་ནས་བདུན་བར་བྱེད། དེ་ནུབ་ལྷ་རིའམ་གཞི་བདག་དེའི་ཉེ་འགྲམ་གྱི་སྤང་ཐང་ཞིག་ཏུ་སྒར་བབས་ཤིང་། དེའི་ཚེ་འབྲོག་མོ་དག་གིས་གཟབ་མཆོར་སྤྲས་ནས་ཤ་མར་ཐུད་གསུམ་གྱིས་གཙོས་པའི་བཟའ་བ་དང་། འོ་ཞོ་སོགས་བཏུང་བའི་རིགས་དག་ཁྱེར་ཏེ་དེར་འབྱོར་ཞིང་། དེ་ནས་འབྲོག་མི་གཞོན་ནུ་དག་གིས་རྟ་ལ་སྒ་མེད་པར་སྦུ་ལི་མ་ཞེས་བྱ་བའི་རྟ་རྒྱུག་བྱེད་ཀྱི་ཡོད་པ་རེད། རྟ་རྒྱུག་གི་སྤྱོད་ཚུལ་ལའང་རྟ་རྩལ་ཞེས་བྱ་བ་ཞོན་པ་པོའི་ལུས་རྩལ་འགྲན་པ་དང་། བྱང་ཚད་ཅེས་པ་རྟའི་མགྱོགས་རྩལ་འགྲན་པ་བཅས་གཉིས་ཡོད།

        དེ་ལས་རྟ་རྩལ་ནི། རྟ་རྒྱུག་པ་པོ་དག་གིས་རྟ་རྒྱུག་བཞིན་དུ་འོག་འགྱུར་རྒྱག་ཅིང་ཁས་སྤང་ཐང་ངོགས་ཀྱི་མེ་ཏོག་ལོན་པ་དེ་ནི་མེ་ཏོག་ཁ་འཐུ་ཞེས་བྱ་བ་རྟ་རྩལ་ཨང་དང་བོ་དང་། ལག་པས་མེ་ཏོག་བཏོག་ཐུབ་པ་ལ་མེ་ཏོག་རྩེ་བྲེག་ཅེས་པ་ཨང་གཉིས་པ་དང་། རྟའི་མགྲིན་འོག་ནས་འོག་འགྱུར་རྒྱག་ཐུབ་པ་ལ་ཨང་གསུམ་པར་བརྩི་བ་དང་། བྱང་ཚད་ནི་སྐྱ་མི་གཉིས་རེ་ཁ་གཤིབས་ནས་ལྷན་དུ་རྒྱུག་ཅིང་། རྒྱུག་ཐག་རིང་ཐུང་གང་དུ་ཚད་བྱས་པའི་ས་དེར་མི་གཉིས་ཀྱིས་ཐག་པ་ཞིག་བརྒྱངས་ནས་ཡོད་པ་དེ་ལས་བརྒལ་མ་ཐག་ཏུ་སླར་ཡང་སྔར་གྱི་གནས་སུ་ལོག་ཅིང་། དེར་མདུང་ཁྲ་རུ་དར་དང་བཅས་པ་ཞིག་གི་མགུལ་དུ་དར་ཞིག་དཔྱངས་ནས་ཡོད་པ་དེ་འཐོབ་དགོས། དེ་ལས་རྒྱལ་ཁ་ཐོབ་པའི་གྲས་རྣམས་ལ་རྟ་རྒྱུག་གི་འོས་ཐོབ་ཅིང་། ཕྱི་ཉིན། འོས་ཐོབ་པའི་རྟ་དག་བརྒྱད་གཤིབས་སུ་འགྲན་པ་དེ་ལས་རྒྱལ་ཁ་ཐོབ་པ་དག་ནི་རྟ་རྒྱལ་ཨང་གསུམ་པ་དང་། ཨང་གསུམ་པའི་གྲས་རྣམས་བཞི་གཤིབས་སུ་འགྲན་པའི་རྒྱལ་ཁ་ནི་ཨང་གཉིས་པ་དང་། ཡང་ཨང་གཉིས་པའི་གྲས་རྣམས་ལྷན་གཤིབས་སུ་འགྲན་པའི་རྒྱལ་ཁ་ནི་ཨང་དང་བོ་སྟེ། དེ་ལ་ཐུན་མོང་ནས་རྟ་རྒྱལ་གང་བཞག་པ་དེ་འཐོབ་ཀྱི་ཡོད་པ་རེད།

        རྟ་རྒྱལ་ཞེས་པ་ནི་མི་ཚོགས་ཀྱིས་བཞག་པའི་རྒྱན་པོའམ་རྒྱལ་ཁའི་མཐར་ཐུག་ཅིག་ཡིན་ཀྱང་། རྟ་རྒྱུག་གི་རྒྱན་དུ་དངོས་པོ་གང་ཞིག་འཇོག་པ་དང་། རིན་ཐང་ཇི་ཙམ་དགོས་པའི་སྐོར་ངེས་བཟུང་གང་ཡང་མི་སྣང་ཞིང་། དེ་ནི་འབྲོག་སྡེའི་ཚོ་ཁག་རྒྱ་ཆེ་ཆུང་དང་། རྟ་རྒྱུག་གི་སྤྲོས་པ་ལ་དགའ་ཞེན་བཅས་ལ་རག་ལས་ཀྱི་ཡོད་པ་རེད། གང་ལྟར་ཡང་རྟ་རྒྱལ་ཐོབ་པའི་རྟ་དེ་དག་ནི་གྲགས་གཡེར་ཆེ་ཞིང་ཀུན་གྱིས་བརྩི་བར་མ་ཟད། དུས་ངེས་མེད་དུ་ཡུལ་དེ་ལ་དགྲ་སོགས་བྱུང་ཞིང་ར་མདའ་འགྲོ་དགོས་དུས་རྟ་རྒྱལ་ཨང་དང་བོ་དང་གཉིས་པའི་གྲས་དག་གིས་ཐེག་པ་འཁུར་བླངས་ཀྱིས་ར་མདའ་འགྲོ་དགོས། དེའི་རྗེས་སུ་རྟ་རྩལ་གྱི་རྒྱལ་ཁ་ཐོབ་པ་དག་གིས་བོག་རྩེད་ཅེས་བྱ་བ་རྟ་རྒྱུག་གི་སྟེང་དུ་མེ་མདའ་གཡས་བསྐོར་དང་གཡོན་བསྐོར་བཅས་བྱས་ནས་འབེན་ཐོག་ཏུ་རྒྱག་པའི་རྩལ་རྩེད་ཡག་པོ་ཞིག་ཀྱང་ཡོད། ཉིན་གསུམ་པར་ཡུལ་གྱི་རྒན་རིམ་དག་ལྷན་དུ་ཚོགས་ནས་འདུས་པ་ཞེས་བྱ་བའི་གྲོས་ཚོགས་ཤིག་འཛུགས་སྲོལ་ཡོད་པ་དེ་ནི་ལོ་གཅིག་གི་རིང་ལ་དགོས་ངེས་པའི་ཡུལ་ཁྲིམས་དང་། ཡུལ་ནང་གི་བདེ་འཇགས་སླད་ཀྱི་འཆར་གཞི་འགའ་ཞིག་གཏན་འབེབས་བྱེད་པ་བཅས་ཡིན་པ་རེད། སླད་ཀྱི་འཆར་གཞི་འགའ་ཞིག་ནི་དབར་སྟོན་གྱི་འབྲོག་རུ་གནས་སྟངས་དང་། དགུན་མཚེར་དུ་བབས་ལུགས་སོགས་ཡིན་འདུག་ཅིང་། འོན་ཀྱང་གྲོས་གཞི་དེ་དག་གི་སྐོར་གཏན་ཚིགས་སུ་བཀོད་ནས་བཏན་འབེབས་བྱས་པའི་ཡིག་ཆ་ནི་བཟོ་སྲོལ་བྱུང་མི་འདུག འདུས་པ་དེའི་དུས་ཚད་ནི་ཡུལ་གྱི་གནས་ཚུལ་དང་བསྟུན་ཏེ་ཉིན་གསུམ་མམ་ལྔ་སོགས་ཀྱི་རིང་ལ་འདུ་འཚོགས་བྱེད་པ་ཙམ་ལས་ངེས་པ་ཅན་གྱི་དུས་ཚད་གང་ཡང་མེད་དོ།།

(རྔ་བ་གསར་འགྱུར་དྲ་བའི་འཕྲིན་སྟེགས་ལས་བཤུས། )


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1