ཉག་སྟོད་ཁ་བ་ལུང་རིང།

དབང་ཆེན། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


        མཐོན་མཐིང་བེེཌཱུརྱ་ཡིས་མདངས་ལ་འཁུ་བའི་རྡུལ་བྲལ་གནམ་སྔོན་དབྱིངས་སུ་བསྙེགས་པའི་རྩེ་མོར་རབ་དཀར་ཁ་བའི་འདབ་མའི་ཅོད་པན་ལ་ཆུ་འཛིན་དར་ཟབ་དཀར་པོའི་མགུལ་རྒྱན་གསོལ་བའི་ཉག་སྟོད་ཁ་བ་ལུང་རིང་ངམ་གཡུང་དྲུང་སྟག་རྒྱལ་ནི། སྔོན་མི་རྣམས་ཚེ་ལོ་ཁྲི་ཐུབ་པའི་སྔ་རོལ་ཡ་བླ་བདལ་དྲུག་གིས་ཉག་རོང་ཡུལ་ཁམས་སྐྱོང་ཕྱིར་མངགས་པའི་གནས་རི་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན། གནས་རི་འདི་ནི་གངས་ཅན་ཁ་བའི་ལྗོངས་ཀྱི་ཡུལ་གྲུ་ན་ཆེས་སྙན་གྲགས་ཆེ་བའི་གངས་རི་བརྒྱད་ཀྱི་ནང་ཚན་ཁ་བ་རིའི་གནས་ཞེས་པ་དང་། འཛམ་གླིང་ན་བོད་ཀྱི་གནས་ཆེན་གཡུང་དྲུང་མཚན་ཅན་བཅུ་གསུམ་ནང་ནས་གཡུང་དྲུང་སྟག་རྒྱལ་ཞེས་པ་འདི་ཡིན། གཏེར་ལུང་ལས། བྱང་ཕྱོགས་བོད་གྱི་འདུས་གནས་ཁ་བ་རི་ཞེས་པ་ཡང་འདི་ཡིན་ནོ། གནས་ཡིག་ཁ་ཅིག་ལས།གནས་འདི་ནི་དབལ་ཆེན་གེ་ཁོད་ཀྱི་གནས་རི་ཡིན་ཞེས་གསུངས། གནས་ཡིག་ལས། ལྕེ་ཚ་མཁར་བུས་བཀའ་དམ་བཞག །གཡུང་དྲུང་སྟག་རྒྱལ་ངོ་མཚར་གནས། །ཞེས་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་གཤེན་པོ་འགའ་ཉག་རོང་དུ་ཕེབས་ནས་ཁ་བ་ལུང་རིང་ཐོག་མར་གནས་སྒོ་ཕྱེས། དེ་རྗེས་གསང་བདག་ནམ་མཁའ་ཡེ་ཤེས་ཀྱིས་ཁ་བ་ལུང་རིང་གནས་སྒོ་ཕྱེས་པར་མ་ཟད་སྐོར་ལམ་བཏོན། ཁ་བ་ལུང་རིང་དང་གཡུང་དྲུང་ལྷ་རྩེ་སོགས་གཙོ་འཁོར་ཐམས་ཅད་བཀའ་ཡི་སྲུང་མ་ཆེན་པོའི་དམ་ལ་གནས་ཤིང་། དེ་རྗེས་སངས་རྒྱས་གླིང་པ་དང་གསང་སྔགས་གླིང་པ་སོགས་ཀྱི་རིག་འཛིན་བརྒྱད་ཀྱིས་བྱིན་གྱིས་རླབས་ནས་ཞབས་རྗེས་དང་ཕྱག་རྗེས་བཞག་སྟེ། གནས་དེ་ལ་དཔལ་གསང་བ་འདུས་པའི་སྒྲུབ་ཕུག་བཞི་དང་གཡའ་སྐྱིབས་བཅུ་ལྷག་ཡོད། དེ་དག་གྲུབ་ཐོབ་དུ་མའི་ཞབས་རྗེས་དང་སྐུ་རྗེས་སྒྲུབ་ཕུག་སོགས་ཡོད། གཡུང་དྲུང་གསང་བའི་བྲག་ཕུག་དུ་གཡུང་དྲུང་ལག་འཁྱིལ་ཞིག་རྡོ་ལ་གསང་བདག་ཡེ་ཤེས་ཀྱིས་ཕྱག་བྲིས་སོགས་བཞག་ཡོད་ལ། གཞན་དུ་ཡི་གེ་བསྭོ་དང་ཨཱོཾ་ཨཿཧཱུྃ། ཡ་ར་ལ་ཝ་སོགས་རང་བྱོན་དུ་མ་བཞུགས། གཙོ་མཆོག་ཁྲོ་བོའི་བྲག་ཕུག་ཏུ་དྲན་པ་ནམ་མཁའི་ཕྱག་རྗེས་དང་དྲན་པ་མཚན་བརྒྱད་རང་བྱོན་ཡོད། དེ་ལས་གཞན་པའི་གྲུབ་ཐོབ་རྣམས་ཀྱི་ཞབས་རྗེས་སོགས་དགེ་མཚན་དུ་མ་དང་ལྡན་ལ། རྡོ་ངོས་སུ་གཙོ་མཆོག་དབུ་གསུམ་ཕྱག་དྲུག་པ་རང་བྱོན་དང་འཁོར་ལོ་རལ་གྲི། མདུང་ཐུང་སོགས་ཕྱག་མཚན་དང་སྐུ་གཟུགས་སོགས་རང་བྱོན་ཡང་དུ་མ་ཡོད། བདེ་ལྡན་འཆི་མེད་སྒྲུབ་ཕུག་ཏུ་སྤྱང་ཀི་དང་གཅན་གཟན་གྱི་རྗེས་དང་དྲེལ་རྗེས། དམ་པ་རྣམས་ཀྱི་བྱིན་རླབས་དང་དངོས་གྲུབ་ཀྱི་འཆི་མེད་ཚེ་ཆུ་འབབ་བཞིན་ཡོད། བྲག་ཕུག་གི་སྦུགས་སུ་སྟོན་པ་འཆི་མེད་གཙུག་ཕུད་སྐུ་རང་བྱོན་བཞུགས། དེ་ལ་འཆི་མེད་གཙུག་ཕུད་སྒྲུབ་སྐོར་གཏེར་ལ་སྦས་ཡོད་པ་དེ་ནམ་ཞིག་རང་བརྡོལ་འོང་ཞེས་ལུང་གིས་ཟིན་དང་། ཨ་སུ་ར་ལའི་སྒྲུབ་ཕུག་ནང་དུ་བོད་སྐྱོང་བསྟན་མ་བཅུ་གཉིས་རང་བྱོན་དང་། གྲུབ་ཐོབ་བརྒྱད་ཅུའི་ཞབས་རྗེས་དང་བན་བོན་གཟུངས་སྔགས་ཀྱི་ཡི་གེ་འབུར་དུ་དོད་པ་ཡོད་ཀྱང་དབྱར་གཞུང་སོགས་མ་གཏོགས་ཁ་བས་གཡོགས་པས་མཇལ་དཀའ་བར་སྣང་གསུངས། ཕྱོགས་མཚམས་ན་ཆུ་མིག་བརྒྱ་རྩ་བརྒྱད་དང་གཡུང་དྲུང་སྡེ་ལྔ་ལ་བྲག་རི་འབྲིང་ཙམ་ལྔ་ཡོད། གནས་རི་རྩ་བ་གཅིག་ལ་རྩེ་མོ་གསུམ་ནི་ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུམ་རྒྱལ་བའི་རང་གཟུགས་སུ་གནས་ཤིང་། ཡང་གསང་བླ་ན་མེད་པར་ངོ་བོ་རང་བཞིན་ཐུགས་རྗེའི་གསུམ་གྱི་ཆོས་ཀུན་གདོད་ནས་མངོན་པར་སངས་རྒྱས་པའི་རྟགས་སུ་གྲུབ་ཅིང་། གནས་དེ་ལ་གནས་པའི་ཁ་བ་ལུང་རིང་ཞེས་གཞི་བདག་མི་དཀར་རྟ་དཀར། ཕྱག་གཡས་གཡུང་དྲུང་ཆག་ཤིང་ཅན་གྱི་དར་དང་གཡོན་དུ་ཚེ་བུམ་ཁྱེར་བ་ཞིག་ཡིན་པར་གྲགས། གནས་འདིར་སྤྲེལ་ལོ་ལོ་འཁོར་ལ་གནས་འདུས་ཡིན་ཞིང་རྒྱུན་པར་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ཁ་ཆར་བུ་ཡུག་འཚུབ་བཞིན་པ་དང་། ཁྱད་པར་དུ་ཕྱོགས་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཉ་སྟོང་ཚེས་བརྒྱད་སོགས་དུས་ཀྱི་འགྱུར་ཁྱད་དང་བསྟུན་ཏེ་གནས་བསྟོད་བསང་མཆོད་དང་དགྲ་ལྷ་རྒྱང་འབོད་ཀྱི་རླུང་རྟ་འཐོར་བཞིན་ཡོད་དོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1