མགོ་ལོག་རྨ་ཆེན་རྫོང་དུ་རི་ཉིལ་ཏེ་མི་9ས་འོག་ཏུ་མནན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 08-31


        མཚོ་སྔོན་མགོ་ལོག་ཁུལ་རྨ་ཆེན་རྫོང་ཨུའི་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ཟླ་8པའི་ཚེས་30ཉིན་གྱི་ཆུ་ཚོད་4དང་ཕྱེད་ཀའི་ཡས་མས་སུ། རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་སུ་རུག་ཆེན་སྡེ་བར་རི་ཉིལ་བའི་གནོད་འཚེ་བྱུང་བ་དང་། གནོད་འཚེ་བྱུང་སར་བརྟག་དཔྱད་བརྒྱུད་ནས་ཤེས་གསལ། ཐེངས་འདིའི་རི་ཉིལ་གནོད་འཚེ་ཁྲོད་སུ་རུག་ཆེན་སྡེ་བའི་དུད་ཁྱིམ་གསུམ་༼མི་དགུ༽འདམ་རྡོའི་ཆུ་རུད་ཀྱིས་མནན་པ་རེད།

        ད་ལྟ་མི་གསུམ་བསྐྱབས་ཐུབ་ཡོད་ཅིང་དེ་ལས་མི་གཅིག་ཤི་བ་དང་མི་གཉིས་ར་རྒྱ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། རོགས་སྐྱོབ་མི་སྣས་ད་ལྟ་ནུས་ཤུགས་ཡོད་རྒུས་འདམ་རྡོས་མནན་པའི་མི་གཞན་པ་དྲུག་པོ་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད།

        གནོད་འཚེ་བྱུང་རྗེས། རྨ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། རྒྱལ་ཁོངས་དང་འགྲིམ་འགྲུལ། འཕྲོད་བསྟེན། སྤྱི་བདེ། མེ་གསོད། གློག་འཕྲིན་སོགས་སྡེ་ཁག་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་རྩ་འཛུགས་བྱས་ཏེ་ཡུལ་དངོས་སུ་ཉེན་སྐྱོབ་གནོད་སེལ་དུ་ཕྱིན་ཡོད་པ་དང་། དུས་མཚུངས་སུ་ར་རྒྱ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་ཧུར་ཐག་གིས་མི་སྣ་རྩ་འཛུགས་བྱས་ཏེ་ཡུལ་དངོས་སུ་རོགས་སྐྱོབ་བྱ་བ་སྒྲུབ་བཞིན་ཡོད་པ་རེད།

        ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་རང་བྱུང་གནོད་འཚེས་རྒྱལ་ལམ་S101ལམ་ཐིག་བཅད་པ་མ་ཟད་བཞུར་ཆུ་བཀག་པ་དང་། མིག་སྔའི་བར་དུ་དུད་ཁྱིམ་བཅུ་བདུན་གྱི་མི་དགུ་བཅུ་ལྷག་དང་ནོར་ལུག་ཆིག་སྟོང་ཉིས་བརྒྱ་ལྷག་ཁ་གྲམ་ཞིང་། གསར་འགོད་པས་གནས་ཚུལ་སྤེལ་བའི་བར་ལ་བསྡོམས་པས་མི་600ལྷག་ཐེངས་འདིའི་མྱུར་སྐྱོབ་ནང་ཞུགས་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1