མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ་ཀྱི་བོད་ཡིག་པར་མའི་གསར་འདོན་མཛད་སྒོ་སྤེལ་བ།

ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 01-18


 
        ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། «མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ»ཀྱི(བོད་ཡིག་པར་མའི) དུས་དེབ་གསར་འདོན་མཛད་སྒོ་དང་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གླེང་སྟེགས་མཚོ་སྔོན་རྣམ་རྒྱལ་མགྲོན་ཁང་གི་རྨ་ཆུ་ཚོམས་ཁང་ནས་གཟབ་རྒྱས་ངང་བསྡུས།  མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པ་མ་ཆིས་ཞུང་གིས་གླེང་སྟེགས་ལ་མགོ་འཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི། མཚོ་སྔོན་ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གི་ཆེད་བསྐོས་ཀྲུའུ་རིན་གཞོན་པ་ཀྲུའུ་ཧི་ཡིས་དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་གྱིས་ཆེད་དུ་བསྐུར་འོང་པའི་ཤིས་ཚིག་སྒྲོག་འདོན་བྱས། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་ཏང་ཙུའུ་ཧྲུའུ་ཅི། གླིང་གཙོ་ཁྲིན་ཝེ་ཡིས«མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ»ཀྱི(བོད་ཡིག་པར་མའི)དུས་དེབ་གསར་འདོན་ཐད་ཀྱི་ཐོག་མའི་བསམ་འདུན་དང་གཞུང་དངོས་ཀྱི་ལས་སྒྲུབ་འཆར་འགོད། མ་འོངས་པའི་དུས་དེབ་གཉེར་སྟངས་བཅས་ཀྱི་ཐད་ནས་གཏམ་བཤད་གནང་།

        ཁོས་བསྟན་དོན། ཐོག་མའི་འབད་བརྩོན་དང་ཧུར་ཐག་བརྒྱུད་ནས་མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གིས«མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ»ཀྱི(བོད་ཡིག་པར་མའི)དུས་དེབ་གསར་འདོན་བྱེད་པར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆོག་མཆན་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་གཙོ་གཉེར་དང་མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གིས་གཙོ་སྒྲུབ་བྱེད་པའི«མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ»ཀྱི(བོད་ཡིག་པར་མ)གཞི་ནས་གསར་འདོན་བྱས་པ་ཡིན། «མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ»ཀྱི(བོད་ཡིག་པར་མ)ཡིས་སྔར་ལས་ལྷག་པའི་སྒོ་ནས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རིག་གཞུང་ཞིབ་འཇུག་ཐད་ནུས་པ་གང་ལེགས་འདོན་སྤེལ་བྱ་རྒྱུ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་གྱི་མགོ་ཁྲིད་པས་བོད་ཡིག་པར་མའི་དུས་དེབ་གསར་འདོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་གནང་པར་བཀའ་དྲིན་ཆེ་ཞུས་པ་ཡིན། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་རིམ་བཞིན་ཇེ་དྲག་དང་རྒྱལ་དམངས་ཀྱི་སྤུས་ཀ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་འགྲོ་བ། སྤྱི་ཚོགས་ལས་རིགས་སོ་སོ་དང་རིགས་སོ་སོའི་མང་ཚོགས་ཀྱིས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ལ་ངེས་ཤེས་ཟབ་མོ་འདྲོང་བཞིན་པའི་དུས་འདིར། རིགས་སྣ་མང་གི་སྤྱི་ཚོགས་ཚན་རིག་རིག་གཞུང་གི་དུས་དེབ་ཆར་རྗེས་ཀྱི་ཤ་མོ་བཞིན་འཕེལ་གྱིན་ཡོད་མོད། ལྟོས་འཇོག་གིས་མཚོ་སྔོན་དང་ཀན་སུའུ། བོད་ལྗོངས། ཡུན་ནན། སི་ཁྲོན་བཅས་ཞིང་ལྗོངས་ལྔའི་བོད་ཡིག་གི་སྤྱི་ཚོགས་ཚན་རིག་ཕྱོགས་བསྡུས་རང་བཞིན་གྱི་དུས་དེབ་ཁ་གྲངས་དང་སྤུས་ཀ་གང་ཐད་ནས་ཅུང་ཞན་པར་དམིགས་ནས། ང་ཚོས་རྒྱལ་ཡོངས་ནས་གྲངས་ཀ་ཅུང་ཉུང་བའི་བོད་ཡིག་གི་སྤྱི་ཚོགས་ཚན་རིག་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་འདོན་སྤེལ་གྱི་འཆར་གཞི་བཀོད་པ་ཡིན་ལ། «མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ»ཀྱི(བོད་ཡིག་པར་མ)ཡི་སྟེང་གཙོ་བོ་བོད་ཡིག་གི་ལམ་ནས་བརྩམས་པའི་རིག་གཞུང་ཆུ་ཚད་མཐོ་བའི་ཞིབ་འཇུག་དཔྱད་རྩོམ་དང་བརྟག་དཔྱད་སྙན་ཞུ། རིགས་གཞན་པའི་རིག་གཞུང་གྲུབ་འབྲས་སོགས་སྤེལ་འཆར་ཡོད། དེ་ལས་གཞན«མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ»ཀྱི(བོད་ཡིག་པར་མ)ཡི་སྟེང་ཆབ་སྲིད་རིག་པ་དང་། དཔལ་འབྱོར་རིག་པ། སྐྱེ་ཁམས་རིག་པ། མི་རིགས་རིག་པ། ཆོས་ལུགས་རིག་པ། ཁྲིམས་ལུགས་རིག་པ། ལོ་རྒྱུས་རིག་པ། མིའི་རིགས་རིག་པ། དམངས་སྲོལ་རིག་པ། སློབ་གསོ་རིག་པ། སྐད་བརྡ་རིག་པ། བོད་སྨན་སྨན་རྫས་རིག་པ། རྩོམ་རིག་སྒྱུ་རྩལ་རིག་པ་སོགས་ཁྱད་ཆོས་ལྡན་པའི་ལེ་ཚན་བཀོད་སྒྲིག་བྱས་ཡོད། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་ནི་རིག་གཞུང་དུས་དེབ་འདིའི་གཙོ་སྒྲུབ་ལས་ཁུངས་ཡིན་པའི་ཆ་ནས། ང་ཚོས་རང་ཉིད་ཀྱི་འཇོན་མིའི་སྟོབས་ཤུགས་གང་ལེགས་སྒོས་འདོན་སྤེལ་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་མཉམ་ལས་བྱེད་པ། བྱེད་ཐབས་སྣ་མང་བཅས་སྤྱད་དེ«མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ»ཀྱི(བོད་ཡིག་པར་མ)དེ་བོད་རིག་པར་ཞིབ་འཇུག་བྱེད་པའི་ཚད་རིམ་མཐོ་ཤོས་ཀྱི་རིག་གཞུང་དུས་དེབ་དང་སྣ་འཛོམས་ཁྱད་ལྡན་གྱི་ཤེས་མཛོད་ཅིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བཤད། 

        གླེང་སྟེགས་ཀྱི་གྲོས་རིམ་དང་པོ་མཇུག་བསྒྲིལ་རྗེས། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱི་ཏང་ཙུའུ་ཁོངས་མི། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཆིས་ཀྲིན་ཞན་དང་། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་སྲུང་མ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་བོད་ཁུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་གཡང་དཔལ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་རིག་གནས་ལོ་རྒྱུས་ཁང་གི་མི་སྣ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཏང་ཙུང་ཀྲིའི་ཧྲུའུ་ཅི་མ་ཎི་འབུམ། «མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ»ཀྱི(བོད་ཡིག་པར་མ)ཡི་རྩོམ་སྒྲིག་འགན་ཁུར་པ་བཀྲ་གོ་སོགས་ཀྱིས་དུས་དེབ་གསར་འདོན་བྱས་པའི་དགེ་མཚན་དང་ཁྱད་ཆོས། ལག་བསྟར་དངོས་ཀྱི་ཁྲོད་ཇི་ལྟར་བོད་ཁུལ་གྱི་ཤེས་ལྡན་མི་སྣར་མཉམ་ལས་དང་འཕེལ་རྒྱས་སུ་གཏང་རྒྱུ། འབྱུང་འགྱུར་སྤུས་ཀ་ལེགས་ཤིང་བོད་ཁུལ་གྱི་ཀློག་པ་པོ་བྱིངས་ནས་དགའ་བསུ་ཐོབ་པའི་དུས་དེབ་ཅིག་འཁྱོངས་པར་འབད་བརྩོན་ལྷོད་མེད་བྱ་རྒྱུའི་སྐོར་ནས་བསམ་ཚུལ་ལྷུག་བརྗོད་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་དུས་དེབ་དང་ཚགས་པར། སློབ་ཆེན་ཁག་སོ་སོའི་རིག་གཞུང་དུས་དེབ་ཀྱི་མགོ་གཙོ་དང་རྩོམ་སྒྲིག་ལས་ཐོགས་པ་སོགས་ཀྱང་རེབ་འདིའི་གླེང་སྟེགས་སུ་ཞུགས་ནས་བསམ་ཚུལ་བརྗེ་རེས་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1