གཞིས་རྩེའི་ལོ་སར་གྱི་རྣམ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-19


        གཞིས་རྩེའི་སོ་ནམ་ལོ་སར་དང་བོད་ཀྱི་ལོ་སར་གྱི་ཁྱད་པར་ཆེས་ཆེ་ཤོས་ནི་དུས་ཚོད་ཐོག་ནས་མི་འདྲ་བ་དེ་རེད། ངག་རྒྱུན་ལྟར་ན། ལས་ལ་བརྩོན་པའི་གཞིས་རྩེ་པས་ལོ་སར་དགའ་སྤྲོ་བློ་བདེ་པོའི་ངང་གཏོང་པ་དང་། སོ་ནམ་ལ་ཡང་འཐུས་ཤོར་ལས་འགྱངས་མི་བྱུང་པ་ཡོང་ཆེད། ལོ་སར་ནི་ལས་བྲེལ་མེད་པའི་བོད་ཟླ12པར་སྔ་སྣུར་བྱས་པ་རེད། དེར་བརྟེན། ལྷ་ས་སོགས་སུ་ཟླ་གཅིག་གི་སྔོན་ལ་ལོ་སར་གཏོང་པའི་གོམས་སྲོལ་འདི་ད་ལྟའི་བར་རྒྱུན་བསྐྱངས་པ་རེད་ལ། ལོ་སར་དེར་སོ་ནམ་ལོ་སར་ཞེས་འབོད་ཀྱི་ཡོད་པ་རེད།
        བོད་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་ནས་མི་རྣམས་ཀྱིས་ལོ་སར་སྐབས་ཀྱི་བཟའ་བཅའ་དང་གྱོན་པ། མཁོ་རྫས་བཅས་ལ་གྲ་སྒྲིག་བྱེད་འགོ་བརྩམས་པ་རེད།

          ལོ་སར་ནི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཡིན་མོད། དེ་ལྟར་ནའང་རྟེན་འབྲེལ་གྱི་བྱེད་སྒོ་ནི་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ནས་འགོ་རྩོམ་གྱི་ཡོད་པ་རེད། ཉིན་དེར་ཡང་བྱེད་སྒོ་སྤེལ་དགོས་པ་དང་།(རྩམ་པ་སྟེ་བཀྲ་ཤིས་པའི་རི་མོ་གདུགས་དང་། གསེར་ཉ།  བུམ་པ། པདྨ།  དུང་དཀར། དཔལ་བེའུ།   རྒྱལ་མཚན།འཁོར་ལོ་བཅས་བཀྲ་ཤིས་རྟགས་བརྒྱད་འབྲི་བ) སྐྱེས་པ་ཚོས་ཉིན་དེར་མགོ་བཀྲུ་དགོས་པ་རེད། 
          དེ་ནས་དགུ་ཐུག་འཐུང་གི་ཡོད་པ་རེད།( བག་ཐུག་ནང་དུ་རྡོ་དང་བལ།  སུར་པན།  སོལ་བ། དངུལ་སྒོར་སོགས་ཀྱི་དངོས་རྫས་བཏུམ་པ་དང་། སུས་ཕོར་བའི་ནང་དངོས་པོ་དེ་དག་ཡོད་ཚེ་དེ་འཕྲལ་ཕྱིར་སྐྱུག་དགོས་ཤིང་། དེས་ནི་མི་དེའི་ལས་དབང་དང་སེམས་རྒྱུད་མཚོན་པར་ངོས་འཛིན) བྱེད་སྒོ་དེ་ནི་བོད་ཀྱི་ས་ཁུལ་གཞན་དག་གི་ལོ་སར་གྱི་རྣམ་པ་གཞི་རྩའི་ཐོག་གཅིག་མཚུངས་རེད།
དགུ་ཐུག་བསྐོལ་བ།


          ལོ་སར་ཚེས་གཅིག་ཉིན་དགའ་སྟོན་རྟེན་འབྲེལ་གྱི་ཡོ་ལང་ཆེ་ཤོས་ཡིན་ཏེ། ཞོགས་པའི་ཆུ་ཚོད4ལྷག་ཙམ་སྐབས། ཁྱིམ་ཚང་ཁག་གྱི་ཁྱིམ་བདག་མ་དང་བུ་མོ་ཆེ་ཤོས་མལ་ལས་ལངས་ནས་ནས་ཆང་དང་རྩམ་པ་སོགས་ཟས་རིགས་ཀྱི་འབྲས་ཐུག་སྐོལ་པ་དང་། དེ་ནས་འབྲས་ཐུག་བསྐོལ་མ་ཐག་པ་དེ་ཁྱིམ་མིའི་མལ་ཁྲིའི་འགྲམ་དུ་བསྐྱལ་གྱི་ཡོད་པ་རེད།
          ལོ་སར་ཚེས་གཅིག་ཉིན་ད་དུང་གྲོ་སོ་ཕྱེ་མར་དང་རྩམ་པ་ཁྱེར་ནས“གསར་བཞི”ལེན་དུ་འགྲོ་བའི་གོམས་སྲོལ་ཡོད་པ་དེ།  གཞན་གྱི་ཟོག་ལྷས་ནས་ལྕི་བ་གསར་པ་ལེན་པ། ས་གསར་པ་ལེན་པ།  ཆུ་གསར་པ་ལེན་པ། ( ཆུ་གསར་པར་ཆུ་འཕྲོག་པ་ཡང་ཟེར་ལ “ཆུ་འཕྲོག་པ”ནི་ཚེས་གཅིག་ཉིན་གྱི་ལས་དང་པོ་རེད། སྐྱ་རེངས་སྐབས། ཁྱིམ་ཚང་སོ་སོའི་ཁྱིམ་བདག་མ་ཆུ་ཁ་དང་དོང་ཆུའི་འགྲམ་སོང་ནས་ནམ་ལངས་ཁར་ཆུ་འཕྲོག་གི་ཡོད་པ་དང་། གོམས་སྲོལ་ལྟར་ནས། སུས་སྔོན་ལ་ཆུ་ཟོ་གང་ལེན་ཐུབ་པ་བྱུང་ནི་དེ་ལ་རླུང་རྟ་དར་པའི་རྟེན་འབྲེལ་དུ་ངོས་འཛིན་གྱི་ཡོད)  ཁྱི་ཁང་ནས“ ཁྱི་ལུད་གསར་པ”ལེན་པ་བཅས་སོ།
          “གསར་བཞི” ལེན་སྐབས། གོང་གསལ་ས་ཁུལ་བཞིར་རྩམ་པ་ཅུང་ཙམ་གཏོར་དགོས་ཤིང་། “གསར་བཞི” རང་གི་ཁྱིམ་དུ་ཚུར་བླངས་རྗེས་སྟེང་མེ་ཏོག་མཆོད་པ་བཙུགས་ནས་གཏན་འཁེལ་གྱི་གནས་སུ་འཇོག་གི་ཡོད་ལ་། སད་སེར་གྱི་གནོད་སྐྱོན་སྔོན་འགོག་བྱེད་པ་དང་ཕྱྭ་གཡང་འགུགས་པ་མཚོན།
           ཞོགས་ཟས་ནི་ལུག་མགོ་ཟ་བ་དེ་ཡིན། ཞོགས་ཟས་མཆོད་ཚར་རྗེས། བཟའ་མི་གང་བོ་མཉམ་དུ་འཛོམས་ནས་ཁ་བརྡ་བྱེད་པ་ལས་སྤྱིར་བཏང་ཕྱི་ལ་མི་འགྲོ། ཁྱིམ་བདག་གིས་རྒན་པོ་དང་ཕྲུ་གུ་གཉོར་སྐྱོང་དང་། ཕྱུགས་ཟོག་ལ་བདག་བྱེད་པ། ཟས་མཆོག་སྣ་ཚོགས་ལ་གྲ་སྒྲིག་བྱེད་པར་བྲེལ་བ་རེད།
          ཚེས་གཉིས་གྱི་རྗེས་སུ། གཉེན་ཉེ་དང་གྲོགས་པོའི་ཁྱིམ་ལ་ཕན་ཚུན་འགྲོ་འོང་བྱེད་ཅིང་། སྤྱིར་བཏང་དུ་གྲོང་ཚོ་གཅིག་གི་ནང་གྲོགས་པོ་གཉེན་ཉེ་བར་ཕན་ཚུན་སོ་སོའི་ཁྱིམ་ལ་མགྲོན་དུ་འབོད་པ་དང་།  ཚང་མ་མཉམ་དུ་འདུས་ནས་རོལ་རྩེད་ཀྱི་བྱེད་སྒོ་སྤེལ་བ་ཡིན་ལ། དགོང་མོ་མཉམ་དུ་འདུས་ནས་གྲོང་ཚོ་དེ་ཡོངས་ཀྱི་མི་མང་ཆེ་བས་སྐོར་བྲོ་འཁྲབ་ཅིང་། དཀྱིལ་དུ་མེ་ཕུང་སྒྲོན་ནས་ཚང་མས་བྲོ་འཁྲབ་ཞོར་དུ་གཞས་གཏོང་གི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1