༄༅།།འཇུ་ཚེ་སྟོབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-02



     འཇུ་ཚེ་སྟོབས་ལགས་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་ཕྱེ་བའི་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས་ཁམས་རྫ་ཆུ་ཁའི་འོམ་ཆེན་པདྨ་ཡར་འཁྱིལ་དུ། རབ་རྒྱལ་ཆུ་ལུག་སྟེ1943ལོར་འཇུའི་རིགས་སུ་སྐུ་འཁྲུངས། རིམ་བཞིན་འཇུ་མི་ཕམ་ནས་སློབ་བརྒྱུད་ལྔ་པ་ཨ་དཔལ་རིན་ཆེན་གྱི་མདུན་ནས་དཔལ་ལྡན་རྒྱུད་བཞི་གཙོར་མཛད་གསོ་རིག་ལ་སྦྱངས་པ་དང་། ཁྱད་པར་དུ་རྗེ་མི་ཕམ་རིན་པོ་ཆེའི་གསོ་རིག་སྐོར་གྱི་རྒྱུད་ལུང་མན་ངག་ལག་ལེན་དང་བཅས་བུམ་པ་གང་བྱོས་ཀྱི་ཚུལ་དུ་བསྩལ་བ་སོགས་བཀའ་དྲིན་གྱིས་བསྐྱངས། དེ་ནས་བོད་ལྗོངས་སྨན་རྩིས་ཁང་གི་མཁས་དབང་བྱམས་པ་ཕྲིན་ལས་དང་། ཨ་ཁྲི་ལྷ་རྗེ་ཕུན་ཚོགས་རབ་བརྟན། སེར་ཤུལ་སྨན་པ་དཀོན་མཆོག་སོགས་མཁས་དགུ་གཙུག་ཏུ་བཀུར་ནས་གསོ་རིག་སྐོར་གྱི་དཀའ་གནད་དག་ལ་དོགས་གཅོད་དང་། དཔལ་ཡུལ་བོད་སྨན་ཁང་དུ་དགེ་བཀྲ་ཤིས་རྡོ་རྗེ་སོགས་ཀྱི་མདུན་ནས་ལྕགས་ཁམས་ཐལ་བཟོ་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་གྲང་སྦྱོར་དང་རཏྣ་བསམ་འཕེལ་སོགས་ཀྱི་མཐོང་བརྒྱུད་ཕྱག་ལེན་ཚུལ་བཞིན་མཛད་པ་སོགས་ཀྱིས་མཁས་པའི་ཕུལ་དུ་ཕྱིན། འབུམ་རྙིང་རྩིས་པ་ཀུན་གྲགས་དང་འཇུ་ཉུང་ཧྲེ་ཡུ་སོགས་ཀྱི་མདུན་ནས་དཀར་ནག་རྩིས་ཀྱི་རིག་པ་ལ་ནང་བྱན་ཆུད་པར་བསླབས་པར་མ་ཟད་ཁྱད་པར་དུ་གནས་དུས་ཀྱི་དབང་གིས་ཆ་རྐྱེན་ལྡན་མིན་ལ་མ་ལྟོས་པར་དུས་ཚོད་ཕྱེད་ཙམ་ཡང་སྟོང་ཟད་དུ་མི་གཏོང་བར་དཔེ་ཀློག་དང་རང་སྦྱོང་ཁོ་ན་མཛད།

     2008ཀྱི་ལོར་ལས་གནས་ལས་ཐོན་ཏེ་ངལ་གསོ་བྱས་ནའང་ད་དུང་མུ་མཐུད་ནས་ལས་ཅན་འགྲོ་བ་མ་ལུས་པའི་ནད་བཅོས་སྲོག་འཚོའི་འགྲོ་དོན་ངལ་མེད་མཛད་ཞོར་དུ་ཡིད་བཞིན་ནོར་བུ་ལྟ་བུའི་བོད་ཀྱི་གསོ་བ་རིག་པའི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་མདོ་ཁམས་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་སྨན་པ་གྲྭ་ཚང་དང་། དབོན་པོ་དགོན་དགེ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གསོ་རིག་གྲྭ་ཚང་སོགས་ལ་གསོ་རིག་སྐོར་གྱི་འཆད་ཁྲིད་དང་བསླབ་བྱ་གནང་བ་བཅས་སྔ་ཕྱིར་སློབ་མ་མང་དུ་བསྐྱངས། མ་ཚད་སྐུ་ཚེགས་འོ་བརྒྱལ་ལ་མི་འཛེམ་པར་མཚན་ཐུན་གྱི་ཆ་ལ་ཡང་དུས་ཚོད་ལྔ་རེ་ཙམ་ལས་མི་གཟིམ་པར་ཞལ་འདོན་དང་སྨན་རྩིས་གཙོར་མཛད་རིག་གནས་མཐའ་དག་ལ་དཔེ་གཟིགས་དང་ལྗགས་རྩོམ་སོགས་གནང་མུས་སུ་མཆིས་ལགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1