འབྲུག་ཆུ་མང་ཚོགས་ཀྱིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་རོལ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-15



        ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གསེར་སྒོ་གྲོང་རྡལ་རྨོ་རུ་ཀོའུ་ཡོན་ཧྥུན་གསོ་སྤེལ་ཞིང་བའི་མཉམ་ལས་ཁང་འབྲི་ཏ་ས་འཛིན་དྲོད་ཁང་དུ་སྔོ་ལྗང་གི་རྣམ་པས་ཁེངས་ཏེ། ལོ་མའི་འོག་ཏུ་དམར་མདོག་གི་འབྲི་ཏ་ས་འཛིན་གྱི་འབྲས་བུ་ནི་ཡོངས་སུ་སྨིན་ཡོད།

        གསོ་སྤེལ་གླིང་དུ་བསྐྱོད་ཚེ། མིག་མདུན་དུ་མངོན་པ་ནི་ཚ་ཚ་འུར་འུར་གྱི་ལས་ཀ་བྱེད་བཞིན་པའི་རྣམ་པ་ཞིག་ཡིན་ལ། དྲོད་ཁང་དུ་གསོ་སྤེལ་ལས་དོན་མི་སྣས་འབྲི་ཏ་ས་འཛིན་ལ་བདག་སྐྱོང་བྱེད་བཞིན་ཡོད་པ་དང་། སྒྲིག་བཀོད་ལས་དོན་མི་སྣས་དྲོད་ཁང་ཐོག་ཏུ་རྒྱུན་ལྡན་གྱི་ལྟ་ཞིབ་ཚད་ལེན་དང་ཉམས་གསོ་བྱེད་པའི་ལས་ལ་བྲེལ། ལས་དོན་མི་སྣ་ཚང་མས་གོ་རིམ་ལྡན་པའི་ངང་རང་རང་གི་ལས་ཀ་གཉེར་བཞིན་སྤུས་ལེགས་འབྲི་ཏ་ས་འཛིན་ལ་ལོ་ལེགས་འབྱུང་བར་འགན་ལེན་བྱེད་བཞིན་ཡོད།
        ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ན། “ཡོད་མེད”ནས“ལེགས་མི་ལེགས”ལ་བསྒྱུར་དགོས་པ་སྟེ། ཐོན་སྐྱེད་བྱེད་ཐུབ་པ་དང་སྤུས་ལེགས་ཐོན་ཐུབ་པར་བྱེད་དགོས་པ་མ་ཟད། འཚོང་ཐུབ་པ་དང་ཡག་པོ་འཚོང་ཐུབ་པར་བྱེད་དགོས། “ལྔ་མེད་ཀན་ལྷོ་དང་བཅུ་ལྡན་ཁྱིམ་གཞིས། བོད་ཁུལ་གྱི་འབྲི་ཆུའི་ལྷོ་རྒྱུད། མཛེས་སྡུག་གི་འབྲུག་ཆུ”ཡི་འཛུགས་སྐྲུན་དང་བསྟུན་ཆེད། ཡོན་ཧྥུན་གསོ་སྤེལ་ཞིང་བའི་མཉམ་ལས་ཁང་གསོ་སྤེལ་གླིང་གི་འབྲི་ཏ་ས་འཛིན་ལ་དེང་རབས་ཅན་གྱི་འདེབས་འཛུགས་བྱེད་ཐབས་སྤྱད་དེ། མྱུག་གསོ་དང་འདེབས་གསོ། ལུད་རྫས་འཇོག་པ། ནད་འབུ་སྔོན་འགོག་སོགས་ཀྱི་འབྲི་ཏ་ས་འཛིན་ཐོན་སྐྱེད་གོ་རིམ་ཁྲོད་ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་བེད་སྤྱད་ནས་གོ་རིམ་ཧྲིལ་བོར་རྫས་འགྱུར་དང་ཞིང་སྨན་མེད་པ་མངོན་འགྱུར་བྱས། སྐུལ་རྩི་མེད་པ་དང་ཞིང་སྨན་མེད་པ། སྦོས་ཆེན་རྫས་མེད་པའི་གསུམ་མེད་ཐོན་རྫས་ཡིས་འབྲི་ཏ་ས་འཛིན་གྱི་བྲོ་བ་ཇེ་ཞིམ་ཏུ་བཏང་བ་མ་ཟད། འབྲི་ཏ་ས་འཛིན་ལ་སྐྱེ་ཁམས་ལྗང་མདོག་གི་ཟོང་རྟགས་སྦྱར་ཏེ། འབྲི་ཏ་ས་འཛིན་གྱི་ཐོན་ཚད་ཀྱང་ཇེ་མང་དུ་སོང་ཞིང་། ཉོ་མཁན་དག་གི་སེམས་བདེ་བར་བཏང་ནས། གསོ་སྤེལ་དུད་ཚང་གི་མང་ཚོགས་དག་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཡོད། 
        དེ་དང་ཆབས་ཅིག་ས་གནས་ཀྱིས་ཚོང་ལས་གོ་སྐབས་དམ་འཛིན་བྱས་ཏེ། གསོ་སྤེལ་གླིང་དེ་འབྲི་ཏ་ས་འཛིན་བཏོག་པའི་རོལ་མྱོང་གླིང་དུ་བསྒྱུར་བས་མཐའ་སྐོར་གྱི་ཡུལ་སྐོར་བ་མང་པོ་དབང་མེད་དུ་བཀུགས་ཡོད། གསོ་སྤེལ་ལ་གཞི་ཚུགས་པ་དང་། ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་གྱིས། ངལ་རྩོལ་བྱེད་ཐབས་རྒྱུན་ལྡན་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་ཞིང་། རོལ་མྱོང་ཅན་གྱི་འཛད་སྤྱོད་དེ་རྒྱུན་རྣམ་ཅན་དང་འབབ་འཕར་ཅན་དུ་བསྒྱུར་ཡོད། མ་འོངས་པར། ཡོན་ཧྥུན་གསོ་སྤེལ་ཞིང་བའི་མཉམ་ལས་ཁང་གིས་ནུས་ཆེའི་ཞིང་ལས་སྒུལ་ཤུགས་སུ་བྱས་ཏེ། ཞིང་ཁྱིམ་སྤྲོ་སྐྱིད་གླིང་དང་རོལ་རྩེད་གླིང་བཅས་འཛུགས་སྐྲུན་བྱས་ཏེ། ཐོན་ལས་ལ་གསོན་ཤུགས་གསར་བ་སྩོལ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1