རྟགས་མ་གྲུབ། (ཞར་བཀོད་བཞི)

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


མུན་པ་འོད་ལ་བཅར་བ་བཞིན། 

གནས་ལུགས་ཀྱི་ཐལ་སྒྲ་འཕངས་པ་ཙམ་གྱིས། 

མདུད་པ་དེ་རང་སར་གྲོལ་བ་དང་། 

ཐ་ན་ཤུལ་ཙམ་ཡང་མེད་པར། ཁྱོད་ཀྱི་ངོ་བོ་ཉིད་དུ་གྱུར་འགྲོ།

དམིགས་ཡུལ་ག་གེ་མོའི་དོན་དུ། 

དམིགས་ཡུལ་ག་གེ་མོ་འཚོལ་བར་བྱེད་པ་ནི། 

སྡུག་བསྔལ་ག་གེ་མོ་སེལ་ཕྱིར་དུ། 

སྡུག་བསྔལ་ག་གེ་མོ་བཟོད་དགོས་པ་དང་འདྲ། 

ཁྱོད་ཀྱིས་གཡོན་ཕྱོགས་ཀྱི་ལྟ་བ་ཁུར་དུ་ལེན་པ་ནི། 

ཁྱོད་ཀྱིས་གཡས་ཕྱོགས་ཀྱི་བསམ་བློ་དང་དུ་ལེན་འདོད་པ་དང་འདྲ།

མཚན་མོ་ཞིག་ལ།

མི་རྣམས་ཀྱིས་ཡིན་མདོག་གི་སྐད་ཆ་འཆད་དུས། 

ང་ལ་བཅོས་ཐབས་མེད་པའི་གཅོང་ནད་ཅིག་གིས། 

སེམས་སུ་ཞེ་མེར་བའི་སྐྱུག་ལྡད་ཁོ་ན་ལས་དྲན་རྒྱུ་མི་འདུག

ཡོད་ཚད་འདུ་བ་ནས་འབྲལ་བ་བཞིན། 

ཐམས་ཅད་བྲལ་བ་ནས་ཡང་བསྐྱར་འཕྲད་པའི་གོ་རིམ་ནི། 

ནམ་མཁའ་སྔོན་པོའི་འོག་གི་སྡོང་མགོའི་བྱེའུ་ཚང་དེའི། 

དགའ་བའི་གཏམ་རྒྱུད་དང་སྐྱོ་བའི་མགུར་གླུ་མ་ཡིན་ནམ། 

རྩ་བ་བྱེ་མ་བྱས་པའི་ཁང་བ་དེ་འཇིག་སླ། 

རྩད་པ་བྲག་རྡོ་བྱས་པའི་ནྱ་གྲོ་ཏ་སྐྱེས་དཀའ།

བསྐྱར་ཟློས་ཁྱོན་ནས་མེད་ཕྱིར་ཆུ་ལ་རི་མོ་ཐེངས་གཅིག་བྲིས། 

བསྐལ་བའི་བར་དུ་གནས་ཕྱིར།

རྨི་ལམ་ནང་ནས་རྒྱལ་སྲིད་ཐེངས་གཅིག་བཟུང་བར་རྟགས་མ་གྲུབ། 

                      2020/5/29/ཀླུ་ཆུ་རྫོང་སློབ་འབྲིང་ནས་བྲིས།

མི་ཚེ་ལ་ཏབ་ཅིག་བལྟས་པ།

ལྗང་བུ་འབུས།

འདབ་མ་རྒྱས།

འབྲས་བུ་སྨིན།

ས་བོན་སྦྲུམ།

སྐྱེ་རྒ་ན་འཆི།

མྱུ་གུ་གཅིག་སྐྱེས།

འདབ་མ་གཉིས་ཐོགས།

ལོ་མ་གསུམ་འཐོར།

འབྲུ་གུ་བཞི་སྐྱེ་ཞིང་སླར་ཡང་འཇིག

སྐྱེ་རྒ་ན་འཆི།

སྔ་དྲོར། བག་ཆགས་ཀྱི་ནམ་མཁའ་ལ་གས་ཁ་ཤོར།

ཉིན་གུང་། སྦྲུལ་གཉིས་ཐག་པ་གཅིག་གི་སྟེང་ལ་འཁྱུད།

ཕྱི་དྲོར། སྣ་ནག་མའི་སྡིག་གྲིབ་ཕོག

དགོང་ཁར། ང་དང་ང་ཐུག་བརྒྱབ།

ནམ་གུང་། རྨི་ལམ་གྱི་འཇའ་གུར་ཐང་མཚམས་སུ་ཕབ།

ཐོ་རངས་ཁར། ཡང་བསྐྱར་འགོ་བརྩམས། སྐྱེ་རྒ་ན་འཆི།

མི་ཚེ་ལ་ཏབ་ཅིག་བལྟས་ན།

དུས་ཚིགས་བཞི་ཡི་སོ་ནམ་དང་།

ལྗོན་ཤིང་གཅིག་གི་སྐྱེ་འཇིག

ཉིན་མཚན་དུས་དྲུག་གི་འཕོ་ལྟུང་ཐེངས་གཅིག་མིན་འགྲོ

སྙིང་ཕུར།

གོམ་གང་མདུན་དུ་སྤོ་བའི་ཆེད་དུ།

སོར་གང་ཕྱིར་མི་ནུར་བའི་དོན་དུ།

འོབས་ནང་ནས་མཐར་སྒྲོལ་བའི་ཆེད་དུ།

ཤུབས་ནང་དུ་ཡིབ་མི་སྡོད་པའི་དོན་དུ།

སྙན་པའི་གྲགས་པ་འབར་ཆེད་དུ།

གྲགས་མེད་དུ་རྒུད་མི་འགྲོ་བའི་དོན་དུ།

ལྗིད་ཀྱིས་ཆུ་གཏིང་དུ་བྱིངས་ཏེ་ནུབ་པའི་ཆེད་དུ།

ཡང་བས་ཆུ་ཁར་གཡེང་སྟེ་མི་འཁུར་བའི་དོན་དུ།

གསོན་པ་དོན་དང་ལྡན་པའི་ཆེད་དུ།

ཤི་བ་བླ་མི་སྒུལ་བའི་དོན་དུ།

གཉོམ་ལག་རྒྱས་པའི་ཆེད་དུ།

གཉོམ་ཆུང་གི་ངང་དུ་མི་འཚོ་བའི་དོན་དུ།

ཅི་ཞིག་བདེན་དཔང་བྱེད་པའི་ཆེད་དུ།

བདེན་དཔང་དང་ཁ་མི་འབྲལ་བའི་དོན་དུ།

ཅིས་ཀྱང་།

སེམས་ཀྱི་རྐང་བ་ཚེར་མའི་ལམ་དུ་སྤོས།

ཅིས་ཀྱང་།

སྙིང་གི་ཕུར་བ་བྲག་གི་བྲང་ལ་བཏབས།

དགུན་ཁ་ནི་སྙན་ངག་བྲི་འདོད་པའི་དུས་ཚིགས་ཤིག

དགུན་ཁ་ནི་སྙན་ངག་བྲི་འདོད་པའི་དུས་ཚིགས་ཤིག

ཁ་བ་དང་མཉམ་དུ་ནམ་མཁའ་ནས་ས་གཞིར་འབབ་པ་ནི།

གྲང་ཤུར་ཤུར་གྱི་ཉམས་རྒུད་ཁོ་ན་མ་ཡིན་པར།

ཚ་ལམ་ལམ་གྱི་མེ་སྟག་ཚོམ་བུ་ཚོམ་བུའང་ཡོད་རེད།

སྙན་ངག་ཁ་ཅིག་ནི་ཁ་བ་ཇི་བཞིན་དཀར་ན་ཡང་།

སྙན་ངག་ཁ་ཅིག་ནི་སོལ་བ་ནང་བཞིན་ནག་པོ་རེད།

སྙན་ངག་ཁ་ཅིག་ནི་རྡོ་བ་བཞིན་ལྕི་ན་ཡང་།

སྙན་ངག་ཁ་ཅིག་ནི་ཁ་བ་བཞིན་ཡང་མོ་རེད།

གལ་ཏེ། སྙན་ངག་ཁ་ཅིག་ནི་འཚོ་བའི་དགུན་ཁ་ཡིན་པའི་དབང་དུ་བཏང་ན།

འཚོ་བ་ཁ་ཅིག་ནི་དགུན་ཁའི་སྙན་ངག་དུམ་གཅིག་ཅི་ལ་མ་ཡིན།

དོན་དེ་རྒྱུན་ཤེས་རང་རེད།

ཁྱོད་ཀྱིས་ཀླད་ཞོ་དཀྲུག་ནས་ཚ་གྲང་བརྒྱུད་དགོས་མི་འདུག

ནམ་ཉི་མ་ཞིག་ལ།

ཁྱོད་ཀྱི་སྙིང་རྩ་དང་འབྲེལ་བའི་ཆུ་མིག་དཀར་པོ་དེའང་།

རི་རྒྱ་ཀླུང་རྒྱ་བསྡམས་ནས་འཁྱགས་དར་གྱི་སྦུབས་སུ་ཚུད་དུས།

དུར་ཁྲོད་དུ་ཁྲག་གིས་བསྐྱེད་པའི་མཚན་མོའི་མེ་སྟག་ཅིག་དམར་འཚུབ་བེར།

ལོ་རྒྱུས་ཟེར་བའི་རྟ་བ་སྔོན་པོ་དེའི་སྔ་རོལ་དུ་ལྕེབས་སྲིད།

གཏམ་རྒྱུད་འདི།

དགུན་གྱི་བུ་མོའི་མངལ་ལ་སྐྱུར་སིལ་སིལ་དུ་ཆགས་ཤིང་།

འཁྱག་ཤུར་ཤུར་དུ་མཚལ་ཐིགས་རེ་རེ་མར་ལྷུང་དུས།

སེམས་པ་སྒུལ་མཁན་གྱི་རྨི་ལམ་ག་ཚོད་ཡོད་དམ།

སྙན་ངག་བྲི་འདོད་པའི་དུས་ཚོད་ལྷག་མ་ག་ཚོད་ཡོད་སྲིད་དམ།

དགུན་ཁ། དགུན་ཁ།

ཁ་བྱང་དུ་ལྟ་བ།

ན་ནིང་གི་ད་ཚོད་ཅིག་ལ།

ཧ་ཅང་བདེ་ཞིང་སྐྱིད་པའི་འཚོ་བ་མར་ཁུ་བཞིན་འཐུང་དུས།

རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་གཞན་ཞིག་གིས་མི་སེར་དག་སད་པར་བྱས།

དགུན་གྱི་འབྲུག་སྒྲ་ལ་མཐའ་རྟེན་གྱི་ལྡ་ལྡི་བྲལ་བས།

ཀླད་པའི་ནང་ལ་རྟ་རྒྱུགས། བོའུ་འཕངས། ཀི་བཏབས།

དྲན་པའི་གཏིང་ལ་སྦྲུལ་འཁྱུད། ཐོག་བརྒྱབ། ས་རུབ།

བདག་གཞན་གཉིས་ཀས།

ཟླ་བའི་དཀར་ངོགས་ནས་སང་ཉིན་ཟེར་བའི།

ཉི་མ་ལ་བསྒུག་རྒྱུའང་གཏིང་ནས་བརྗེད་སོང་།

དགུན་ཟླ་ཐ་མ་འདིར། འགྱུར་ལྡོག་གི་དབང་གིས།

ས་གཞིའི་པང་ལ་ཁ་བ་བསྟུན་མར་བབས་པས།

གངས་རི་ཟེར་བའི་ལྷ་སྒྲུང་དེ་ཞུ་སོང་།

མེས་པོ་ཟེར་བའི་ཆགས་སྡང་དེའང་འགག་སོང་།

མགོ་བོ་ཡར་བཀྱགས་ནས་ནམ་མཁའ་ལ་ལྟ་བའི་

ལོབས་ཕྱོགས་དེ་ཡང་འཁྱམས་སོང་།

མི་སེམས་ལ་ཁ་ལོ་བྱེད་པའི་སྣང་བ་ཟ་ཟི་དེ།

སྦྲང་ཚང་ལས་མཆེད་པའི་འུར་ཟིང་གི་འདུ་འགོད་ཁོ་ན་མ་ཡིན་ཡང་།

སེམས་ལ་དྲན་འཆར་མོད་པའི་སྙན་ངག་པ་དེའང་།

རེ་ཞིག་ལ་ཁ་བའི་གསེབ་ཀྱི་འཁྱག་དར་དུ་འཁུམས་སོ།

ཁ་བྱང་དུ་ལྟ་བ་འདི།

རེ་འདུན་གྱི་གནམ་མཐའ་ལ་བཅར་དྲགས་པས།

སྐུད་པ་དང་འདྲ་བར་ཉག་ཕྲ།

མིག་ཆུ་དང་འདྲ་བར་ཉམ་ཆུང་།

མཚན་མོ་དང་འདྲ་བར་འཁོས་ཞན་ཨང་།

ཆུང་ངུའི་ཕྱིར་དུ་ཆེ་མི་གཏོང་།

རླབས་ཕྲེང་དང་གྲམ་པ།

མེ་སྟག་དང་བརྡར་བཟོ།

ཚ་གྲང་གཉིས་བརྒྱུད་ནས་ང་ཚོ་ནར་སོན།

རལ་གྲི་དང་གཡའ་མ།

རྣོ་སྐུད་དང་བཙོ་སྦྱངས།

རྒྱལ་ཕམ་གཉིས་འཐབ་ནས་ང་ཚོ་ལག་ཆགས།

འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ནས་ལྷུང་བའི་ལོ་མ་ཕྲ་རིགས་དང་།

དུས་ཚིགས་ཀྱི་རྩ་ལམ་བརྒྱུད་ནས་འབུས་པའི་འཇག་མ་ཁེར་སྐྱེས།

འདོད་ཡོན་གྱི་སྦྲང་རྩི་ལ་ཁ་མ་མངར།

ཨུ་ཚུགས་ཀྱི་མཁྲེགས་འཛིན་ལ་ཡིད་མ་ཆད།

དུས་ནམ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི།

རང་ཉིད་འཇལ་བྱེད་ཀྱི་འོས་ཤིང་འཚམ་པའི་ཚད་ཤིང་ཞིག་གམ།

སྡུག་བསྔལ་གྱི་སྡུག་བསྔལ་བདེན་པ་དེ་ཡང་།

འཁོར་བའི་ཆོས་ཉིད་གསལ་བྱེད་ཀྱི། མཚན་ཉིད་གལ་ཆེན་ཞིག་ལ།

རང་བཞིན་གྱིས་ཆགས་བསྡད་པའི་ཉི་མའང་མགོ་ཐོག་ཏུ་ཤར།

རླུང་དམར་གྱིས་ས་སྒང་གི་སྐྱི་པགས་དབྲད་ན་ཡང་།

མེ་ལྕེ་ཡིས་སྔ་གཞུག་རྩོད་པའི། ཞེ་སྡང་གྱེན་ནས་གྱེན་དུ་འབར་ན་ཡང།

ཆུ་མིག་བརྡོལ་ནས་ཆུ་བུར་དང་།

ས་བོན་འཕགས་ནས་སྡོང་རྒན་དུ་རྒ་བ་དེ།

ལོ་ཟླས་གཏར་བའི་རྡུལ་ཕྲན་གྱི་སྐྱེ་རབས་ཅི་ལ་མིན།

སྐྱེས་བུ་ཞིག་དམའ་ས་ནས་མཐོ་སར་བགྲོད་པའི་གོ་རིམ་ནི།

ཆུ་བོ་ཞིག་མཐོ་ས་ནས་དམའ་སར་བཞུར་བ་དང་གཉིས་སུ་མེད་དོ།།


རྩོམ་ཡིག་སྔོན་མ།
སྙན་ངག་ཚན་པ་ལྔ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1