༄༅།། མདོ་དབུས་མཐོ་སྒང་གི་རི་དྭགས་རྐྱང་གི་ཟས་འཇུ་གསང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 05-26




        མདོ་དབུས་མཐོ་སྒང་གི་ལྟེ་བའི་ཡུལ་དུ། རྟག་པར་རྐྱང་མང་པོ་ཁྱུ་བྱས་ནས་ཡོད་པ་མཐོང་བ་དང་། རླངས་འཁོར་སོགས་རྐྱང་གི་ཉེ་འཁོར་དུ་ཐོན་ན། རྐྱང་ཁྱུ་འདྲོགས་ཏེ་རླངས་འཁྱོར་གྱི་འགྲོས་ཚད་དང་མཉམ་པར་རྒྱུག་པ་ཡིན།

 

        རྐྱང་ནི་མདོ་དབུས་མཐོ་སྒང་ས་ཁུལ་གྱི་ཁྱད་ཡོད་སྲོག་ཆགས་ཤིག་ཡིན་པར་མ་ཟད། ད་དུང་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱང་ཡིན། རྐང་ལག་བཞི་པོ་སྦོམ་ཞིང་ལུས་པོ་ལ་ལྡེམ་མྱུར་ཆེ་བས། མི་མང་པོས་དེ་ནི་རྟ་རྒོད་ལ་ནོར་བཞིན་ཡོད།

ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཐུང་ཙུའོ་ཡིས་མཚམས་སྦྱོར་བྱས་ན། རྐྱང་ལ་མདོ་དབུས་མཐོ་སྒང་གི་ཁོར་ཡུག་ལ་འཕྲོད་པའི་དམིགས་བསལ་རྐྱེན་སྲོལ་ཞིག་ཡོད་པ་དང་། དེ་ནི་རིགས་རྒྱུད་འདིའི་འཚོ་གནས་ལ་འབྲེལ་བ་ཡོད་པར་མ་ཟད། ད་དུང་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དོ་སྙོམས་དང་བརྟན་ལྷིང་ལའང་ཤན་ཤུགས་ཐེབས་ཡོད་པ་རེད།

 

        རི་དྭགས་རྐྱང་འདི་དཔེར་མཚོན་གྱི་མྱ་ངམ་ཐང་དུ་འཚོ་བའི་སྲོག་ཆགས་ཤིག་ཡིན་ལ། དེ་ཡིས་གཟན་རྩྭ་རགས་མོ་ཟ་བར་མ་ཟད། ད་དུང་ཟས་འཇུ་ནུས་པ་ཡང་ཅུང་ཆེ་བ་ཡིན། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ལིའུ་ཧུང་ཅིན་གྱིས་རྩྭ་གཟན་སྲོག་ཆགས་ལ་མཚོན་ནས་བཤད་ན། གཟན་རྩྭ་འཇུ་བ་ལ་ཕོ་རྒྱུའི་སྐྱེ་དངོས་ཕྲ་རབ་ལ་བརྟེན་དགོས་པ་དང་། སྐྱེ་དངོས་ཕྲ་རབ་དེ་ཚོ་ནི་གཟན་རྩྭ་རང་ཉིད་ལ་མཁོ་བའི་འཚོ་བཅུད་དུ་སྒྱུར་བྱེད་ཀྱི“སྒྲོག་ལུང”ལྟ་བུ་ཡིན་ཞེས་མཚམས་སྦྱོར་བྱས་པ་རེད།

        “མཚམས་རེ་ལ། རྐྱང་སྦངས་ཀྱི་ནང་ནའང་ཆ་འཕྲིན་མང་པོ་ཡོད་ཅིང་། དེའི་རིན་ཐང་ནི་སྲོག་ཆགས་དེ་ཉིད་ལ་ཞིབ་འཇུག་བྱེད་པ་ལས་ཀྱང་ཆེ་བ་ཡིན།” ཉེ་དུས། ལིའུ་ཧུང་ཅིན་དང་ལས་གྲོགས་ཀྱི་ཞིབ་འཇུག་ཚན་པ་ཞིག་ཏུ། ཁྱབ་ཁོངས་གཅིག་གི་ནང་གི་ནོར་དང་ལུག་གཉིས་ལ་བསྡུར་ན། རྐྱང་གི་ཕོ་རྒྱུའི་ཕྲ་རབ་ཚོགས་ཀྱི་ནང་གི་ཚི་སྣའི་རྒྱུ་དབྱེ་འབྱེད་ཀྱི་ཕྲ་རབ་ཚོགས་དང་ཚི་སྣའི་རྒྱུ་སྨའེ་ཡི་འདུས་ཚད་ཕུན་སུམ་ཚོགས་པ་དང་། དེ་ལ་གཟན་རྩྭ་རགས་མོ་འཇུ་བའི་ནུས་པ་ཆེན་པོ་ལྡན་ཚུལ་རྟོགས་པ་རེད།

 

        ཉེ་བའི་ལོ་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གྲྭ་དོན་འཁྱོལ་བྱས་པ་དང་བསྟུན་ནས། རྐྱང་སོགས་ཀྱི་རི་སྐྱེས་སྲོག་ཆགས་མང་པོའི་འཚོ་གནས་ཁོར་ཡུག་ཀྱང་ཇེ་ལེགས་སུ་སོང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་རྐྱང་གི་གྲངས་ཀ་ནི་ཁྲི3.6ཙམ་ཡོད་པ་རེད།

“རྐྱང་ལ་མཐོ་སྒང་ཁོར་ཡུག་ཏུ་འཚོ་གནས་བྱེད་པ་ལ་འཕྲོད་པའི་ཐབས་བཀོད་ཅིག་ཡོད་པ་དང་། དེའི་རྒྱབ་ལོག་གི་རྐྱེན་སྲོལ་ལ་ད་དུང་སྔོག་འདྲུ་གཏིང་ཟབ་བྱ་དགོས།” ལིའུ་ཧུང་ཅིན་གྱིས་འབྱུང་འགྱུར་གྱི་དུས་ཤིག་ལ། ང་ཚོའི་ཞིབ་འཇུག་གྲུབ་འབྲས་ཀྱིས་རྐྱང་གི་སྲུང་སྐྱོབ་ལ་ཚན་རིག་གི་གཞི་འཛིན་ས་གསར་བ་ཞིག་འདོན་སྤྲོད་ཐུབ་པར་སྨོན་ཞེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1